ཕྱི་ལོ་ ༡༩༩༦ ཕྱི་ཟླ་ ༣ ཚེས་ ༡༠ དཔྱིད་ཆོས་ཆེན་མོའི་ཕྱེད་ཡོལ་གྱི་ཆོས་ཐུན་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་དོལ་རྒྱལ་སྐོར་སྩལ་བའི་གལ་ཆེའི་བཀའ་སློབ།
༄༅། །དེང་སང་ང་ཚོ་བོད་སྤྱིའི་དོན་དག་ལ་དཀའ་ལས་རྒྱག་པའི་དུས་ཚོད་འདི་འདྲའི་སྐབས་སུ་ལྷ་མི་གང་ཡིན་ནའང་དམ་ཚིག་མཐུན་པོ་དགོས་རྒྱུ་གལ་ཆེན་པོ་རེད། མི་དམ་ཚིག་མ་གཙང་བའི་ཐོག་ནས་སྐབས་རེ་དཀའ་ངལ་འཕྲད་ཀྱི་ཡོང་གི་འདུག་ཅེས་ངས་སྔ་རྗེས་མང་པོར་བཤད་ཡོད། ད་ལྟ་ཡིན་ནའང་ངས་སྔོན་མ་བཤད་པའི་སྐད་ཆ་དེ་ག་རང་འགྱུར་བ་མེད་པར་བསྡད་ཡོད། ཡང་འགའ་ཤས་ཀྱིས་འགྱུར་བ་ཕྱིན་མེད་དམ་བསམ་པ་དྲན་མདོག་ཁ་པོ་མ་རེད་དེ། ཡིན་ནའང་ངས་ད་རིང་གཅིག་ལབ་ན་བསམ་བྱུང༌། བོད་ཕྱི་ལོགས་ལ་ཡིན་ནའང་འདྲ། བོད་ནང་ལ་ཡིན་ནའང་འདྲ། ལྷ་སྲུང་དམ་ཚིག་མི་གཙང་བ། མདོར་ན་དགའ་ལྡན་ཕོ་བྲང་དང་དམ་ཚིག་མི་གཙང་བ༑ ྋགོང་ས་ྋལྔ་པ་ཆེན་པོས་ཐོག་མར་དགའ་ལྡན་ཕོ་བྲང་བཙུགས་པའི་སྐབས་ལ་ངེས་པ་དོན་ལ་གང་ཡིན་ཡིན་ནའང༌། ཐུན་མོང་སྣང་ངོར་དམ་ཚིག་མི་གཙང་བ་བྱུང་བའི་གནས་ཚུལ་དེ་ཚོའི་གྲས་བོད་སྤྱི་པའི་དོན་དག་དང་འབྲེལ་བའི་ཆ་ནས་གནད་འགག་ཅིག་ཆགས་ཡོད། དེར་བརྟེན་ཡང་བསྐྱར་རྟིང་སྐུལ་ཞིག་བཏང་ན་མ་གཏོགས་ཤེས་མ་བྱུང་མདོག་མདོག་དང༌། གོ་མ་བྱུང་མདོག་མདོག་དེ་འདྲ་འགའ་ཤས་ཡོང་གི་འདུག སྒོ་བརྡུང་ནས་ཤོད་དགོས་བྱུང་ན་ཐབས་སྡུག་ཡིན། དེ་འདྲ་རང་བྱེད་མ་དགོས་པའི་ཐོག་ནས་བསམ་བློ་གཏོང་ཐུབ་ན་ཡག་པོ་ཡོད། གྲྭ་ས་གྲྭ་ཚང་དང༌། བླ་བྲང་སྒེར་སུ་དང་སུ་ཡིན་ནའང་བོད་སྤྱི་པའི་དོན་དག་བསམ་གྱི་མེད་ན་གནས་ཚུལ་ཐ་དད་རེད། བོད་སྤྱི་པའི་དོན་དག་བསམ་གྱི་ཡོད་པ་དང༌། བོད་སྤྱི་པའི་དོན་དག་ད་ལྟ་ྋརྒྱལ་བ་རིན་པོ་ཆེས་འགན་འཁྱེར་ནས་བསྡད་ཡོད་པ་འདིར་རྒྱབ་སྐྱོར་ཡོད་ན་སྤང་བླང་མ་ནོར་བ་བྱེད་དགོས། ྋརྒྱལ་བ་རིན་པོ་ཆེས་འགན་འཁྱེར་བ་འདི་འདོད་ཀྱི་མེད་ན་གནས་ཚུལ་ཐ་དད་རེད།
བོད་ནང་ནས་འགའ་ཤས་ཀྱིས་ང་ལ་སྐད་ཆ་འདྲི་མཁན་ཡོང་གི་འདུག འདི་ཡག་པོ་རེད། ཡང་འགའ་ཤས་ཀྱིས་ངས་ལབ་པ་དེ་རྣམས་དྲང་དོན་རེད། ངེས་དོན་མ་རེད་མདོག་མདོག ཡང་དགོངས་གཞི་དགོས་པ་དེ་འདྲའི་ཐོག་ནས་མིན་ནམ་ཟེར་མཁན་དེ་འདྲ་ཡོང་གི་འདུག དེ་ནི་གོ་བ་ལོག་སྒྲུབ་བྱས་པ་རེད། དེ་ཁྱེད་ཚོ་ཚང་མས་ངེས་པ་བྱས་ན་ཡག་པོ་ཡོད། མི་འགའ་ཤས་ཀྱིས་ང་ལ་དེ་འདྲ་མ་ཤོད་ཟེར་མཁན་བྱུང༌། ངས་དང་པོ་ནས་གྱ་ཚོམ་བྱས་ཏེ་བཤད་མེད། ལོ་མང་པོའི་རིང་ལ་བརྟག་དཔྱད་བྱས། ཉམས་མྱོང་བསགས། གནས་ཚུལ་མང་པོ་ཞིག་ལ་བལྟས་ནས་ཉུང་ཤོས་ལའང་ལོ་འགའ་ཤས་ཕྱིན་པའི་མཇུག་ཏུ་བསྡོམས་བརྒྱབ་ནས་བཤད་པ་ལས། ངས་འཚབ་འཚུབ་བྱས་ནས་བཤད་པ་མིན། ངས་ཧ་བེ་ཧོ་བེ་བྱས་ཏེ་སྐད་ཅོར་བརྒྱབ་པ་ཡིན་ན། མ་ཤོད་ཅེ་ལབ་ནའང་རྒྱུ་མཚན་ཡོད། ངས་དོ་དོ་ཏན་ཏན་བྱས་ནས་ལབ་པ་ཡིན་སྟབས་འགའ་ཤས་ཀྱིས་དེ་འདྲ་ཟེར་སྐབས་བློ་ཕམ་ཡོང་གི་འདུག
ཁྱེད་རང་ཚོ་མི་འགའ་ཤས་ཤིང་སྡོང་རྒན་ལྟ་བུ་ཀྱོག་ཀྱོག་ཆགས་ཚར་བས་བཅོས་སུ་མེད་པ་དེ་འདྲ་ཡོང་སྲིད། ཁྱད་པར་གང་ཡང་མི་འདུག ཁྱེད་རང་ཚོ་གཞོན་སྐྱེས་གྲྭ་སའི་ནང་ལ་སྡོད་མཁན་ཚོ་ཡིན་ནའང་འདྲ། གང་དུ་སྡོད་མཁན་ཡིན་ནའང་ཁྱེད་རང་ཚོ་བསམ་བློ་ཏན་ཏན་བཏང་སྟེ་དང་པོ་ནས་མ་ནོར་བ་ཞིག་བྱས་ན་ཡག་པོ་ཡོད། དེ་བཞིན་འདིར་ཁྱེད་རང་ཚོ་བླ་མ་ཆུང་ཆུང་དེ་འདྲ་མང་པོ་འདུག ཁྱེད་རང་ཚོས་བསམ་བློ་ཏན་ཏན་བཏང་སྟེ་དང་པོ་ནས་མ་ནོར་བ་བྱས་ན་ཡག་པོ་ཡོད། ནོར་ནས་བཅོས་དགོས་བྱུང་ན་ཧ་ཅང་ཁག་པོ་ཡོད། བོད་ལ་ཡིན་ནའང་དེ་དེ་བཞིན་ཡིན། དབུས་གཙང་ཁུལ་ལ་ཡིན་ནའང་འདྲ། མདོ་སྟོད་སྨད་ཁུལ་ལ་ཡིན་ནའང་འདྲ། གང་ལྟར་ངས་སྔ་རྗེས་བཤད་པ་དེ་ཚོའི་གྲས་ལ་རྒྱུ་མཚན་མེད་པ་ཞིག་འདུག་ན་ཁྱེད་རང་ཚོས་རྒྱུ་མཚན་བཀོད་དང་ང་ཚོ་གོ་བསྡུར་བྱས་ཆོག་གི་རེད། ཡང་དེ་འདྲའི་རྒྱུ་མཚན་ཤོད་རྒྱུ་མེད་པར་ངས་བཤད་པ་དེ་རྣ་བའི་རྒྱབ་ལ་བཞག་ན་གྱོང་བོད་སྤྱི་པའི་དོན་དག་ལ་ཕོག་པ་ལས་ང་མི་གཅིག་ལ་གྱོང་ཕོག་རྒྱུ་གང་ཡང་མེད།
ཡང་སྐབས་རེ་ང་རང་འདི་ལྟར་དྲན་གྱི་འདུག ད་ཆ་ལོ་དྲུག་ཅུ་རེ་གྲངས་ལ་སླེབས་ཚར་བའི་མི་ཞིག་ཡིན། ཚེ་རབས་སྔོན་མར་བསོད་ནམས་ཕྲན་བུ་བསགས་ཡོད་པས་ང་རང་ལ་གནད་དགག་དེ་ཙམ་མཐོང་གི་མི་འདུག ད་ལྟ་བར་དུ་བྱང་ཆུབ་ཀྱི་སེམས་ཞེས་པ་འདི་དང༌། སྟོང་ཉིད་ཀྱི་སེམས་གཉིས་ལ་འབད་བརྩོན་གང་ཙམ་བྱས་པ་ཡིན། མ་ཤི་བར་དུ་དེ་སྒོམ་ནས་བསྡད་བསམ་གྱི་ཡོད། ད་དུང་ངའི་བསམ་བློའི་ནང༌། ངེས་མེད་གནས་སུ་རྩེ་གཅིག་སྒྲུབ་པ་ཡིས། །ངེས་དོན་སྙིང་པོའི་ཉམས་ལེན་མཐར་སོན་པ། ། ཞེས་པ་འདིར་རྟག་པར་སྨོན་གྱི་འདུག རི་དྭགས་རྨས་མ་བཞིན་དུ་ཁུག་ཀྱོག་ཅིག་ལ་སྡོད་རྒྱུ་བྱུང་ན་སྐྱིད་པོ་རེད་བསམ་པ་དྲན་གྱི་འདུག་པ་ལས་ངས་འདིར་བྱུས་གཏོགས་བྱས་བསམ་པ་གང་ཡང་དྲན་གྱི་མེད། ཤེས་སོང་ངམ། ཡིན་ནའང་རྒྱ་ཆེའི་མི་མང་དེ་དག་གི་གདོང་ལ་བལྟས་ནས་ང་ཚོ་འདི་འདྲའི་ཐབས་སྐྱོ་པོ་ཡོད་པའི་སྐབས་ལ་སྡུག་པོ་མྱོང་རོགས་དང༌། བསམ་བློའི་ནང་ལ་སེམས་གསོ་ལྟ་བུའི་བློ་བག་སྤྲོད་རོགས་ལ་ཕན་ན་བསམས་ནས་ཨུ་ཚུགས་བརྒྱབ་སྟེ་སྡོད་ཀྱི་ཡོད་པ་ལས། ངས་སྟངས་འཛིན་བྱས་པ་འདི་ང་སྒེར་གྱི་ཐོག་ལ་ཁེ་ཕན་ཡོད་པ་དེ་འདྲ་གང་ཡང་མིན། ཤེས་སོང་ངམ། ཞེས་བཀའ་སྩལ།། །།