སྤྱི་འཐུས་ལྷན་ཚོགས།

རང་དབང་མང་གཙོའི་ལམ་སྟོན་བཀྲིན་ཆེ་བ།
མང་གཙོའི་རྩ་ཁྲིམས་ཀྱི་སྙིང་དོན་འགྲེམས་སྤེལ་དང་།བསམ་ཚུལ་བསྡུ་བཞེས་བསྐྱངས་པ།
བོད་ཀྱི་མང་གཙོའི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པ།
མང་གཙོའི་བསྒྱུར་བཅོས་བཀོད་སྒྲིག་གསར་དུ་བསྐྱངས་པ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་དབང་།
མང་གཙོའི་གཞུང་གི་ངོ་བོ་དང་། ཁྱད་ཆོས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་པ་ནས་བཅུ་བཞི་བར་ལས་དོན་གལ་ཆེ་ཁག
སྤྱི་འཐུས་རིམ་བྱུང་།


༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས།

བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ངོ་སྤྲོད་སྙིང་བསྡུས།

རང་དབང་མང་གཙོའི་ལམ་སྟོན་བཀྲིན་ཆེ་བ།
༄༅། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་འཕགས་ཡུལ་དུ་ཞབས་སོར་འཁོད་མ་ཐག་སྔོན་ནས་དགོངས་བཞེད་ཡོད་པ་ལྟར། བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཟང་པོ་རྣམས་གཞི་རྩར་བཟུང་སྟེ་དེང་དུས་འཛམ་གླིང་སྤྱི་སྲོལ་དང་མཐུན་པའི་རང་དབང་མང་གཙོའི་ལམ་སྲོལ་ཐོག་སྒྱུར་བཅོས་གནང་ཕྱོགས་ཐུགས་གཏན་འཁེལ་བ་བཞིན་ ༡༩༥༩ ཟླ་བ་ ༡༢ ནང་གནས་མཆོག་རྡོ་རྗེ་གདན་དུ་བཙན་བྱོལ་བོད་མིའི་གནས་ཡུལ་ས་ཁུལ་ཡོངས་ནས་སེར་སྐྱ་མི་མང་ཚོགས་འཛོམས་ཀྱིས་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུ་སྐབས་དེར་བཀའ་སློབ་ཕེབས་དགོངས་སུ། བོད་འདི་སྔར་ལྟར་མ་ཡིན་པར་བོད་ཆོས་སྲིད་གཉིས་ལྡན་མང་གཙོའི་གཞུང་ཞིག་དགོས་པ་གལ་ཆེར་བརྟེན་རྒྱ་ཆེའི་མི་མང་གི་ངོ་ཚབ་མང་མོས་འོས་འདེམས་བྱས་པའི་འཐུས་མིའི་ལྷན་ཚོགས་ཤིག་དགོས་གཤིས་སྔ་འཕྲོས་ཆོས་བརྒྱུད་ཆེན་པོ་བཞི་ནས་འཐུས་མི་རེ་དང་། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་བཅས་ཁྱེད་རང་རྣམས་ཁུངས་སོ་སོར་ཕྱིར་ལོག་ཟིན་འཕྲལ་མི་མང་གི་ཁྲོད་དུ་ཤེས་ཡོན་འབྱོན་ཐང་དང་། རྒྱལ་གཅེས་ལྷག་བསམ་ལྡན་ལ་མང་ཚོགས་ཀྱི་ཡིད་ཆེས་བློ་གཏད་འཕེར་བ་ཇི་ཡོད་ནས་འོས་འདེམས་ཀྱིས་མིང་ཐོ་འོས་གྲངས་འཕྲལ་འབུལ་དགོས་པ་སོགས་གང་ཅིའི་དགོངས་གཞི་བཀའ་སློབ་ཟབ་མོ་སྤྱི་བོར་སྨིན་སྩོལ་གནང་བ་བཞིན་བཀའ་དགོངས་ལྟར་རང་ཁུངས་སོ་སོ་ནས་འོས་འདེམས་མིང་ཐོ་འབུལ་ལམ་ཞུས་ཐོག་ནས་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་སེར་སྐྱ་མི་གྲངས་བཅུ་གསུམ་ལ་བསྐོ་གཞག་ཕྱག་རྟགས་སྩལ་ཏེ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཕྱག་དམ་འབུལ་དང་འབྲེལ་ཆོས་སྲིད་གཉིས་ལྡན་བོད་མང་གཙོའི་གཞུང་དབུ་བརྙེས་པའི་དགའ་སྟོན་མཛད་སྒོ་བསྐྱངས་པའི་སར། སྤྱི་འཐུས་ཚོའི་བླང་དོར་ཞུ་སྒོའི་སྐོར་བཀའ་སློབ་ཞིབ་ལྷུག་ཏུ་བསྩལ།
༡༩༦༠ ཟླ་ ༩ ཚེས་ ༣ ནས་བཟུང་བཀའ་དགོངས་ལྟར་བོད་མི་མང་སྤྱི་གཞུང་གི་ད་ཕན་གྱི་ལམ་སྲོལ་དང་མཛད་ཕྱོགས་སོགས་ལ་དགེ་སྐྱོན་དང་ནོར་འཁྲུལ་ཇི་ཡོད་ཞིབ་འཇུག་དང་། འབྱུང་འགྱུར་མཛད་ཕྱོགས་ཇི་དགེ། ད་ཡོད་ལས་ཁུངས་ཁག་རྒྱ་བསྐྱེད་དང་། ལས་བྱེད་གསར་བསྐོ་གནང་ཕྱོགས་སོགས་ཉིན་བདུན་རིང་བོད་མི་མང་སྤྱི་འཐུས་རྣམས་དང་། ནང་སྲིད་ལས་ཁུངས། ཕྱི་སྲིད་ལས་ཁུངས། དཔལ་འབྱོར་འདུ་འགོད་ལས་ཁུངས་བཅས་ཡོད་མུས་ཐོག་ཤེས་རིག་ལས་ཁུངས་འཕར་འཛུགས་གནང་རྒྱུ་དང་བཅས་ལས་ཁུངས་ཆེ་ཁག་ལྔ་དང་། ཡན་ལག་ལས་ཁུངས་བཞི་བཅས་ཀྱི་གཙོ་འཛིན་དང་། འགན་འཛིན། དྲུང་ཆེ་བཅས་སྐབས་དེར་ལས་བྱེད་དང་མི་མང་ཁོངས་ནས་གང་འོས་ཕོ་མོ་དབྱེར་མེད་བོད་མི་མང་སྤྱི་འཐུས་རྣམས་ནས་མང་མོས་འོས་བསྡུ་འཆར་ཕུལ་ཕྱིར་བསྩལ་མི་གྲངས་ཉི་ཤུ་རྩ་དགུ་སྡེབ་གཅིག་གསར་མཇལ་དམ་འབུལ་ཞུས་པ་དང་། བོད་མི་མང་སྤྱི་འཐུས་རྣམས་འཆར་ཅན་ཟླ་རེར་ལྷན་ཚོགས་ཐེངས་གཉིས་དང་། འཕར་ཚོགས་ཇི་དགོས་སྐབས་འཕྲལ་གནང་རྒྱུ་དང་། སྔ་འཕྲོས་ལས་དོན་རྒྱུས་མངའ་ཤེས་རྟོགས་དང་། ཉམས་མྱོང་གསོག་ཆེད་ལྷན་ཁང་ཁག་ལ་འཐུས་མིའི་ངོ་བོའི་ཐོག་ནས་མཉམ་ཞུགས་གནང་རྒྱུ་སོགས་ཀྱི་གྲོས་ཆོད་དང་། འཆར་གཞི་ཁག་༸གོང་ས་༸སྐྱབས་མགོན་ཆེན་པོར་གསེར་༸སྙན་སྒྲོན་འབུལ་ཞུས་པར་ཆོག་མཆན་ཕྱག་རྟགས་སྤྱི་སྨིན་སྩལ་བ་དང་། ད་ཕྱིན་གཞུང་གི་སྲི་ཞུའི་ལས་བྱེད་ཐད་ཕ་བུ་བརྒྱུད་འཛིན་བྱེད་པ་སོགས་ཀྱི་ལམ་སྲོལ་རྙིང་པ་དེ་རིགས་མིན་པར་རང་གི་ལྷག་བསམ་དང་། ཤེས་ཡོན་གནས་ཚད་ཀྱི་ཆ་རྐྱེན་ཚང་ན་ལུང་ཚན་དང་། ཕོ་མོ་རིགས་རུས་སོགས་ཀྱི་དབྱེ་བ་མེད་པར་ཞུགས་ཆོག་པ་སོགས་ཀྱི་སྒྲིག་འཛུགས་གནང་བ་དང་། ལས་བྱེད་བཀོད་སྒྲིག་ལེགས་བཅོས་གནང་བའི་གནས་ལུགས་ཁག་བཅས་བོད་མིའི་སྡོད་སྒར་ཡོངས་ལ་དྲིལ་བསྒྲགས་མཛད།

ཐོག་མ།


མང་གཙོའི་རྩ་ཁྲིམས་ཀྱི་སྙིང་དོན་འགྲེམས་སྤེལ་དང་།བསམ་ཚུལ་བསྡུ་བཞེས་བསྐྱངས་པ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསུམ་བཅུའི་དུས་དྲན་ཐེངས་གཉིས་པའི་ཐོག་ང་ཚོས་མ་འོངས་པའི་བོད་རྒྱལ་ཁབ་གཞུང་དང་། མི་མང་བཅས་པའི་འཕྲལ་ཕུགས་ཕྱི་ནང་འགྲོ་ལུགས་ཀྱི་རྩ་ཁྲིམས་གསར་པ་ཞིག་ངེས་པར་གཏན་འབེབས་བྱེད་དགོས་པ་ལྟར་རྩ་དོན་གྱི་ལེའུ་ཕྱོགས་སྒྲིག་ཟིན་པ་རིམ་པས་འདིར་ཡོད་མི་མང་སེར་སྐྱའི་སྤྱི་འཐུས་དང་། བོད་མི་ཡོངས་རྫོགས་ལ་གྲོས་བསྡུར་བརྟག་ཞིབ་བྱ་རྒྱུར་འགྲེམས་སྤེལ་བྱ་རྩིས་ཡིན། དེ་སྐབས་ཚང་མས་རང་དབང་བེད་སྤྱོད་མ་འཕྱུཌ་པ་ཞིག་བྱེད་དགོས་པ་དང་། སྤྱི་དོན་རླབས་ཆེར་སྨན་པའི་རང་གི་འདོད་ཚུལ་གསལ་པོར་བཏོན་ཏེ་ལེཌ་ཆ་ཕྱོཌ་བསྡུས་ཀྱིས་རང་རེའི་རྩ་ཁྲིམས་གསར་པའི་ཟིན་བྲིས་ཀྱི་ཚིག་དོན་ལ་བཟོ་བཅོས་གང་ཡང་རྒྱབ་ཆོག་པ་ཡིན། ང་ཚོ་རང་གི་རྒྱལ་ཁབ་དང་། རང་ཡུལ་མི་མང་བཅས་ཀྱི་འཕྲལ་ཕུགས་འགྲོ་ལུགས་སྐོར་ཐམས་ཅད་བསམ་གྲོས་མོས་མཐུན་གྱི་ཐོག་ནས་གཏན་འབེབས་བྱེད་པའི་རང་དབང་དང་འགན་ཡོད་པ་ཞིག་བྱེད་དགོས་ཞེས་བཀའ་སློབ་ཕེབས་པ་ལྟར། བོད་ཀྱི་མང་གཙོའི་རྩ་ཁྲིམས་གསར་པའི་ཟིན་བྲིས་ ༡༩༦༡ ཟླ ༡༠ ཚེས་ ༡༠ ཉིན་བོད་མི་ཡོངས་ལ་འགྲེམས་སྤེལ་བསྐྱངས་པར། བོད་མི་མང་སྤྱི་འཐུས་དང་། གཞུང་ཞབས་ལས་བྱེད་ཆེ་ཕྲ། བོད་མི་འདུས་སྡོད་ཡོངས་ནས་འཐུས་མི་ཆེད་གཉེར་བཅས་བོད་མི་མང་སྤྱི་མགྲིན་ནས་མ་འོངས་པའི་ཁེ་ཕན་མདུན་ལམ་གྱི་རྩ་ཁྲིམས་ས་བོན་འགྲེམས་སྤེལ་བཀྲིན་ཆེ་བའི་དགོངས་དོན་ལ་བསམ་ཞིབ་ནན་ཏན་ཞུས་པར། བོད་ནང་སྔར་ནས་དར་བའི་དམ་པའི་ཆོས་ཀྱི་དགོངས་དོན་དང་། དེང་རབས་འཛམ་གླིང་གི་གནས་ཚུལ་དང་ཡོངས་སུ་མཐུན་པ་འདི་ལྟ་བུ་ནི་ཕྱོགས་གང་ཅིའི་ཐད་ནས་བདག་ཅག་རྣམས་ལ་ལོང་བར་མིག་དང་། འོན་པར་སྒྲ་ཐོས་པ་དང་གཉིས་སུ་མེད་པའི་དགའ་མགུ་ཡི་རང་བློ་འདོད་ཡོངས་སུ་ཚིམས་ཏེ་དོན་གནད་བྱིངས་ལ་བློ་སྙིང་བྲང་གསུམ་གཅིག་གཏོད་ཀྱིས་མོས་མཐུན་གཙང་མ་ཞུས་ལགས་པ་དང་། ད་ལམ་གལ་དོན་ཆེ་ཤོས་གཅིག་ལ། རྩ་ཁྲིམས་ཟིན་བྲིས་ནང་ཏཱ་ལའི་བླ་མའི་དབང་ཆ་འདོར་དགོས་པ་བྱུང་ན་རྩ་ཁྲིམས་དང་། ཚོགས་འདུའི་འགྲོ་ལུགས་མཐུན་པར་ཐག་གཅོད་བྱེད་རྒྱུ་ཞེས་གསལ་བ་འདི་ནི་གུས་འབངས་ཡོངས་ཀྱི་བློ་ཡུལ་དུ་འཆུད་དཀའ་བ་མ་ཟད། གདུལ་བྱ་འདུལ་བྱེད་ཀྱི་མགོན་སྐྱབས་ཡ་བྲལ་དུ་ནམ་ཡང་འགྲོ་ཐབས་མེད་པ་ཞིག་ཡིན་ན་ཆོས་སྲིད་དོན་གྱི་བདག་པོའི་མཚན་དབང་སྣོན་འཕྲིའི་དགོངས་གཞི་ཚིག་བརྗོད་འདི་དག་བློ་མོས་ཞུ་ཐབས་རྩ་བ་ནས་མེད་ངེས་ལགས་ན། རྩ་ཁྲིམས་ཀྱི་ས་བོན་འདི་དང་། མ་འོངས་པའི་རྩ་ཁྲིམས་བཅས་པར་ཚིག་ཟུར་ཙམ་འགོད་མཛད་དགོངས་བཞེད་མི་འབྱུང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན་ཞེས་སོགས་ཀྱི་བསམ་ཚུལ་འབུལ་ལམ་ཞུས།
༡༩༦༣ ལོར་རང་གཞུང་ལས་ཁུངས་མ་ལག་དང་བཅས་པའི་ལས་དོན་ཆེ་ཕྲའི་ཚོགས་འདུ་རྒྱས་པའི་སྐབས་ཚོགས་འདུའི་འགན་འཁུར་ད་ཕན་རྙིང་ལུགས་སྲོལ་འཛིན་ལྟ་བུས་གཙོ་འཛིན་རྣམས་ནས་འཁུར་ལེན་བྱེད་རྒྱུན་འདི་དག་སྤྱི་སྲོལ་དང་མི་མཐུན་ཞིང་། ལས་དོན་ལ་ཡང་ཡར་རྒྱས་མི་ཐོན་པ་བཅས་ཀྱི་སྐྱོན་གནད་འདུག་སྟབས། ད་ཕྱིན་ལས་དོན་འབྲེལ་ཡོད་ཀྱི་ཚོགས་འདུའི་སྐབས་ཚོགས་གཙོ་དམིགས་བསལ་ཅན་ཕུད། དེ་བྱིངས་ད་ལམ་ཟླ་དྲུག་ལས་བསྡོམས་འདི་ནས་བཟུང་ཚོགས་འདུ་རྒྱས་པ་ནམ་ཡོད་ཀྱི་སྐབས་སོ་སོར་འགན་འཛིན་ཚོགས་གཙོའི་ཐད་གཙོ་འཛིན་རྣམས་ཀྱི་ཁོངས་ནས་གཅིག་དང་། འགན་འཛིན་ཁོངས་ནས་གཅིག་ ཆོས་ལུགས་ཆོལ་གསུམ་གྱི་འཐུས་མིའི་ཁོངས་ནས་གཅིག་བཅས་རང་ཁུངས་སོ་སོས་འདེམས་བསྐོས་གསུམ་ནས་ཚོགས་ཡུན་དེའི་རིང་ཉིན་རེའི་ཚོགས་གཙོ་རེས་འཁོར་དང་། ཐུན་མོང་ནས་ཚོགས་འདུའི་ལས་དོན་ཕྱོགས་བསྡོམས་ཀྱིས་མཚོན་སྐབས་དེའི་ཞུ་སྒོ་ཆེ་ཕྲ་འཁུར་ལེན་ཞུ་རྒྱུ་བཅས་ཀྱི་ལམ་སྲོལ་གསར་འབྱེད་གནང་རྒྱུའི་འཆར་གཞིར་ཆོག་མཆན་སྩལ།

ཐོག་མ།


བོད་ཀྱི་མང་གཙོའི་རྩ་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པ།

ཕྱི་ལོ་ ༡༩༦༣ ཟླ ༣ ཚེས་ ༡༠ ཉིན། ཕོ་བྲང་ཚོམས་ཆེན་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་དབུ་བཞུགས་ཐོག་བཀའ་བློན་རྣམ་པ་དང་། ཕྱག་རོགས། བོད་མི་མང་སྤྱི་འཐུས། འགན་འཛིན། དྲུང་ཆེ་ཡན་མཛད་སྒོའི་གྲལ་འཁོད་སར་གསོལ་ཇ་བཞེས་འབྲས་འབུལ་བཞེས་གྲུབ་མཚམས་༸གོང་ས་མཆོག་ནས་བཀའ་སློབ་དང་སྦྲགས་རྩ་ཁྲིམས་རིན་པོ་ཆེ་གསོལ་རས་སྩལ། གཞུང་དང་། མི་མང་སྤྱི་འཐུས་ནས་ཐུགས་རྗེ་ཆེ་ཞུའི་རྟེན་གསུམ་འདེགས་འབུལ་ཞུས་ཏེ་མཛད་སྒོ་གྲ་རྟེན་ལེགས་འགྲིགས་བསྐྱངས།
དེ་ནས་ ༡༩༦༣ གསུམ་བཅུའི་དུས་དྲན་ཐེངས་བཞི་པའི་མཛད་སྒོའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་པའི་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་འཛམ་གླིང་ཡོངས་ལ་གསལ་བསྒྲགས་བསྐྱངས་པ་དང་། བོད་མི་ཀུན་ལ་རྩ་ཁྲིམས་དགོངས་དོན་ཞུ་སྒོའི་བཀའ་སློབ་ཕེབས་དགོངས་སུ། ད་རིང་རྩ་ཁྲིམས་ཟིན་བྲིས་རྒྱས་པ་ཞིག་འགྲེམས་སྤེལ་བྱས་ཡོད། རང་རེས་ཆོས་སྲིད་གཉིས་ལྡན་གྱི་མང་གཙོ་ཞིག་བྱེད་པ་ལ་མང་གཙོ་ཞེས་པའི་གོ་དོན་ལེགས་པར་ཤེས་དགོས། དཔེར་ན། མང་ཞེས་པ་རིགས་རུས་དང་། སྟོབས་འབྱོར་གྱིས་དབྱེ་བའི་མི་ཉུང་ཤས་ཤིག་མ་ཡིན་པར། ལས་ངལ་རྩོལ་ལ་བརྟེན་ཞིང་། རིགས་དམའ་བ། གྲལ་གྱི་མཐའ་ན་གནས་པའི་མང་ཚོགས་རྣམས་ཡིན་ལ། གཙོ་ཞེས་པ་ནི། དེ་དག་གཙོ་བོར་འཛིན་པའམ། དེ་རྣམས་དོན་གྱི་བདག་པོར་འཛིན་པའི་དོན་ཡིན། འོན་ཀྱང་ཡུལ་གྱི་བདག་པོར་གྱུར་ཏེ་ལས་འགན་འཁུར་བ་ལ་སློབ་སྦྱོང་ལེགས་པར་བྱས་ཏེ་རང་རང་ཡོན་ཏན་གྱི་གནས་ཚད་དང་། བསམ་བློའི་གོ་རྟོགས་ཇེ་ཆེར་གཏོང་དགོས་ཤིན་ཏུ་གལ་ཆེ། དེ་ལྟ་མིན་པར་མང་གཙོ་ཞེས་པའི་ཚིག་ཙམ་ལ་ཞེན་ནས་ཅི་ཡང་མི་ཤེས་པར་གང་བྱུང་བྱས་ན་དཀའ་ངལ་དང་། གྲ་མ་འགྲིགས་མ་གཏོགས་ཡོང་རྒྱུ་མེད་ལུགས་སོགས་ཞིབ་གསལ་ལྷུག་སྩོལ་བཀྲིན་ཆེ་བར་གྱུར།
ཡང་ ༡༩༦༣ ཟླ ༤ ཚེས་ ༤ ཉིན་བོད་མི་མང་སྤྱི་འཐུས་དང་བཅས་པའི་ལས་བྱེད་རྣམས་ནས་རྩ་ཁྲིམས་ཟིན་བྲིས་དགོངས་དོན་སྔ་འཕྲོས་རྒྱ་གར་ས་ཐོག་ཏུ་མཐུན་རྐྱེན་གནས་ཚུལ་དང་འཚམས་པའི་ཕྱག་བཞེས་བསྟར་འོས་ཅི་མཆིས་བསམ་གྲོས་ཞིབ་བསྡུར་ཞུས་དོན། རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གནས་སྐབས་དངོས་སུ་ཚུགས་ཐབས་མེད་ཀྱང་། ད་ཡོད་ཆོས་ལུགས། ཆོལ་གསུམ་དང་བཅས་པའི་བོད་མི་མང་སྤྱི་འཐུས་ཀྱི་སྒྲིག་འཛུགས་འདིས་སྔ་འཕྲོས་རྒྱལ་ཡོངས་ཚོགས་ཆེན་དང་། རྒྱུན་ལས་གཅིག་འཐུས་ཀྱི་འཁུར་འགན་ལེན་རྒྱུ། འཐུས་མིའི་ལོ་དུས་གནས་སྐབས་ལོ་གསུམ་རེ་གནང་རྒྱུ། གཞུང་མང་བདེ་དོན་གལ་ཆེའི་ཚོགས་འདུ་གཞི་རྒྱ་ཆེ་བའི་སྐབས་ཕྱོགས་མཐའི་སྡོད་སྒར་ཁག་ནས་བསྡུ་འགུགས་གནང་བའི་འཐུས་མི་ཟུར་འབྱོར་རྣམས་ནས་སྤྱི་དོན་བསམ་འཆར་ལྷུག་སྩོལ་ཞུ་རྒྱུ་དང་།
འཆར་འཕར་ཚོགས་འདུ་ཁག་ལ་ལས་ཁུངས་ཆེ་ཕྲའི་འགོ་འཛིན་ལས་བྱེད་རྣམས་ནས་ལས་དོན་སྙན་སེང་དང་། བསམ་འཆར་ཞུ་བ་ལས་མཐའ་མའི་ཐག་གཅོད་བོད་མི་མང་སྤྱི་འཐུས་རྣམས་ནས་རྩ་ཁྲིམས་གཞིར་བཟུང་མང་མོས་གནང་རྒྱུའི་གྲོས་ཆོད་ལ་ཆོག་མཆན་སྩལ།
སྐབས་འདིར་སྤྱི་འཐུས་ལྷན་ཁང་ཟུར་དུ་མེད་ནའང་ཚོགས་འདུའི་སྐབས་སུ་ཚོགས་གཙོའི་འགན་འཁུར་བཞེས་མཁན་ཚོགས་གཙོ་བགྲེས་གཞོན་གཉིས་ཡོད་པ་གནང་།
ཕྱི་ལོ་ ༡༩༦༥ ལོར་མི་མང་གཞུང་གསར་པའི་ལས་བྱེད་ཁོངས་སུ་གཞུང་རྙིང་པའི་ལས་བྱེད་སྔོན་ཡོད་རྣམས་ཀྱི་གོ་མིང་ཛ་ཐའི་ཟེར་བ་སོགས་དེང་དུས་ཀྱི་གནས་ཚུལ་དང་མི་འཚམས་པའི་གོ་མིང་ཇི་ཡོད་རྨངས་ནས་ཕྱིར་བསྡུ་བསྐྱངས་པའི་གསལ་བསྒྲགས་གནང་། ཆོས་ལུགས་ཆོལ་གསུམ་དང་བཅས་པའི་སྤྱི་འཐུས་རྣམས་ནས་གང་ཅིའི་ལེགས་ཆའི་ཆེད་སྙན་སེང་འཆར་ཕུལ་དགོངས་དོན། ༡༩༦༤ ཟླ་ ༢ ཚེས་ ༨ ནས་བཟུང་བོད་མིའི་སྡོད་སྒར་ཆེ་ཁག་རྣམས་ལ་ཆོལ་གསུམ་མི་མང་གི་སྐུ་ཚབ་སྒར་འཐུས་མི་གསུམ་རེ་ས་ཁུལ་དེ་གའི་མང་ཚོགས་ཀྱིས་འོས་འདེམས་བསྐོ་གཞག་སྩལ་བ་རྣམས་དོན་གཅོད་ལས་རོགས་ཀྱི་མིང་འཁུར་ཐོག་ལས་དོན་ཞུ་སྒོ་དང་། འཕོ་ལེན་བརྗེ་མཚམས་སོགས་ཀྱི་སྒྲིག་གཞི་གཏན་འབེབས་མཛད།
སྤྱི་འཐུས་སྐབས་གཉིས་པ་ནས་བཟུང་ཆོལ་ཁ་རེ་ནས་སྤྱི་འཐུས་བུད་མེད་རེ་འཕར་སྣོན་དང་། རྩ་ཁྲིམས་འབྲུ་དོན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྩོམ་རིག་དང་ཚན་རིག་གང་རུང་ལ་མཁས་པའི་མི་གཅིག་བསྐོ་འཛུགས་བསྐྱང་རྒྱུ་གསལ་བ་ལྟར་བསྐོ་སྩལ་གནང་།
དེ་ཕན་བོད་མི་མང་སྤྱི་འཐུས་རྣམས་ལས་ཁུངས་ཁག་ནང་ཆ་བགོས་ཀྱིས་བཞུགས་པའི་ཉམས་མྱོང་རིམ་གསོག་བྱུང་སྟབས་ད་ཆ་སྤྱི་འཐུས་རང་ཉིད་ཀྱི་དམིགས་བསལ་འགན་དབང་འཛིན་སྐྱོང་ཆེད་ལྷན་ཁང་ཟུར་འཛུགས་བྱ་དགེའི་བཀའ་སློབ་སྤྱི་བོར་སྨིན་པ་བཞིན་ ༡༩༦༦ ཟླ་ ༥ ཚེས ༣ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་དབུ་ཚུགས་པ་དང་ཆབས་ཅིག་གསལ་བསྒྲགས་ཀྱང་བསྐྱངས།
ལྷན་ཚོགས་འདིར་ཚོགས་གཙོ་བགྲེས་གཞོན་གཉིས་དགོས་པ་སྤྱི་འཐུས་མང་མོས་ཀྱིས་འོས་ཐོན་འཆར་ཕུལ་ཕྱག་རྟགས་སྩལ་བའི་ཚོགས་གཙོ་གཉིས་ལ་བཀའ་བློན་དང་འདྲ་བའི་མཚན་གནས་དང་། སྤྱི་འཐུས་བྱིངས་རྣམས་ལ་བཀའ་བློན་ལས་རོགས་དང་འདྲ་བའི་མཚན་གནས་སྩལ། དེ་སྔོན་བོད་གཞུང་ལྷན་ཁང་མ་ལག་ཁོངས་གཏོགས་དང་བཅས་པའི་ལས་དོན་ཞིབ་འཇུག་སླད་སྤྱི་འཐུས་རྣམས་དང་། བཞུགས་སྒར་དུ་ཡོད་པའི་ལས་བྱེད་ཆེ་ཕྲ་བཅས་ནས་ཟླ་དྲུག་རེའི་མཚམས་ལས་བསྡོམས་ཚོགས་འདུ་རེ་གནང་མུས་དེ་དག་ ༡༩༦༩ ལོ་ནས་བཟུང་ཕྱོགས་མཐའི་གཞིས་འགོ་བདེ་དོན་དང་། ས་ཁུལ་སོ་སོའི་མི་འཐུས་བཅས་ཡོད་པའི་ལོ་འཁོར་ཚོགས་ཆེན་རེ་གནང་རྒྱུའི་འཆར་ཕུལ་བཀའ་འཁྲོལ་དགོངས་དོན་ལྟར་གཏན་འབེབས་མཛད་པ་དང་། ལོ་དེར་བོད་མི་བཙན་བྱོལ་བའི་ཁོངས་ཀྱི་ཆོས་སྡེ་གསར་འཛུགས་ཁག་དང་། བཟོ་གཞིས་འབྲོག་གསུམ་གྱི་གྲུབ་འབྲས་ཇི་ཐོན་གྱི་འགྲེམས་སྟོན་ཆེན་མོ་ཐེངས་དང་པོ་དེ་གནང་།
ཕྱི་ལོ་ ༡༩༧༢ ལོར་ཝ་ར་ཌྷ་སི་ཁུལ་གནས་འཁོད་བོད་མི་རྣམས་ནས་དངས་བས་ཁུར་དུ་བླངས་ཏེ་བོད་རང་བཙན་ལས་དོན་སྒྲུབ་ཕྱོགས་ཐོག་འཆར་གཞི་དོན་ཚན་བཅུ་འཁོད་སྙན་འབུལ་དང་འབྲེལ་རྒྱ་ཆེའི་མང་ཚོགས་ལ་འབོད་བསྐུལ་བསྐོར་བསྐྱོད་ཆོག་འཐུས་ཞུས་སྩལ་ལྟར་བགྱིས་ཏེ། ལོ་དེའི་ཕྱི་ཟླ་ ༧ པའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དབུ་འཁྲིད་གནང་བའི་ཕྱོགས་མཐའི་རང་འགུུལ་མི་མང་ཁུངས་སོ་སོའི་མི་འཐུས་རྒྱས་འཛོམས་ཀྱིས་བོད་རང་དབང་བདེན་པའི་ལས་འགུལ་གྱི་སྔོན་འགྲོའི་ཚོགས་འདུ་ཐེངས་དང་པོ་དེ་ཚོགས་པ་དང་། ཚོགས་འདུ་དེ་ཐོག་ནས་འཛམ་གླིང་འཐུས་མིའི་རྒྱལ་ཁབ་ཚོར་བོད་དོན་བདེན་པའི་རྒྱབ་སྐྱོར་དགོས་པའི་འབོད་བསྐུལ་སྙན་ཞུ་དང་། ལྷག་པར་གནས་ཡུལ་རྒྱ་གར་གཞུང་ལའང་བཙན་བྱོལ་བོད་གཞུང་ངོས་བཞེས་གནང་དགོས་པའི་རྒྱུ་མཚན་སྙན་ཞུ། གཞན་ཡང་བོད་མི་མང་ནས་རང་གི་གཞུང་ལ་རང་ཉིད་ཀྱིས་བརྩི་བཀུར་རྒྱབ་སྐྱོར་གསལ་པོར་ཞུ་ཕྱིར་བོད་མི་རེ་ནས་ཟླ་རེར་གནས་ཡུལ་གང་དེའི་སྒོར་རེ་བཅས་འབུལ་རྒྱུ་ཞུས་ཏེ་བོད་མིའི་རང་དབང་དངས་བླངས་སྤྱི་དངུལ་རྒྱལ་དོན་དཔྱ་ཁྲལ་ཞེས་མིང་བཏགས་པ་བཅས་དོན་ཚན་བརྒྱད་འཁོད་ཀྱི་གྲོས་ཆོད་སྣོན་འཇོག་ཞུས་པ་དང་འབྲེལ་བོད་རང་དབང་བདེན་པའི་ལས་འགུལ་གྱི་སྒྲིག་གཞི་གསར་དུ་གཏན་འབེབས་གནང་བ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐད་ཀའི་བཀོད་སྒྲིག་འོག་བོད་མི་འདུ་སྡོད་ས་གནས་ཁག་ནང་བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་ཆུང་ཁག་དགུ་བཅུ་གོ་དྲུག་ཡོད་པ་དང་། ཚོགས་མི་གྲངས་ ༥༠༢ ཡོད། དེར་བརྟེན་སྔོན་ཡོད་ས་ཁུལ་སྒར་འཐུས་རྣམས་མ་དགོས་པ་ཕྱིར་བསྡུ་གནང་།
༡༩༧༣ ཟླ་ ༣ ཚེས་ ༦ བོད་རྒྱལ་ལོ ༢༡༠༠ འཁོར་བའི་དུས་སྟོན་དང་འབྲེལ་བའི་ཆུ་གླང་གནམ་ལོ་གསར་ཚེས་སྐབས་སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆོལ་གསུམ་བོད་རིགས་ཐམས་ཅད་དམ་ཚིག་ལར་རྒྱ་གོང་བུ་གཅིག་ཏུ་བསྒྲིལ་བའི་བོད་རྒྱལ་ཁབ་ཆེན་པོའི་ཆོས་སྲིད་ལུགས་གཉིས་ཀྱི་དབུ་འཁྲིད་ཆེན་པོར་སྤྱི་མོས་མང་བཀུར་མངའ་གསོལ་གཟེངས་བསྟོད་དང་འབྲེལ་བོད་འབངས་རྣམས་འཕྲལ་ཡུན་ཀུན་ཏུ་རྗེས་སུ་འཛིན་པར་གསོལ་བ་འདེབས་པའི་སླད་སླར་ཡང་གཏན་ཚིགས་ཆེན་མོ་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་སྤྱི་འཐུས་ལྷན་ཚོགས་ནས་དགའ་དད་གུས་སྤྲོ་ཆེན་པོས་འབུལ་ལམ་ཞུས།
སྐབས་དེའི་ལོ་འཁོར་ལས་བསྡོམས་ཚོགས་ཆེན་དང་སྟབས་བསྟུན་འགྲེམས་སྟོན་རྒྱས་པ་ཐེངས་གཉིས་པ་བསྐྱངས། ལོ་དེར་བཙན་བྱོལ་བོད་གཞུང་གི་སྲི་ཞུའི་ལས་བྱེད་བཀོད་སྒྲིག་གསར་པའི་སྒྲིག་གཞི་གཏན་འབེབས་དང་འབྲེལ་ ༡༩༧༣ ཟླ་ ༨ ཚེས་ ༢༥ ཉིན་གསལ་བསྒྲགས་བསྐྱངས།
རྩ་བའི་སྤྱི་འཐུས་འདེམས་བསྐོ་བྱེད་ཕྱོགས་རྩ་ཁྲིམས་དགོངས་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྐོ་གཞག་སྩལ་བའི་དབུས་འདེམས་བསྐོ་ལྷན་ཚོགས་ནས་སྐབས་ལྔ་པ་ཕན་མཛད་ཕྱོགས་ཐབས་ལམ་འདྲ་མིན་སྣ་ཚོགས་ཤིག་གནང་འདུག་ཅིང་། ༡༩༧༤ ལོར་བཀའ་དགོངས་བཞིན་བྱེས་འཁོད་གཞུང་མང་གི་ད་ལྟའི་གནས་སྟངས་ལ་གཞི་བཅོལ་ཏེ་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུའི་ཡིག་ཆ་ནས་ལེགས་ཆ་ལེན་འོས་བླངས་ཐོག་སྤྱི་འཐུས་གདམ་བྱ་འདེམས་བྱེད་ཀྱི་སྒྲིག་གཞི་གསར་དུ་གཏན་འབེབས་གནང་སྟེ་ལོ་དེའི་ཟླ་ ༡༡ ཚེས་ ༢༡ ཉིན་གཏན་འབེབས་དང་འབྲེལ་ཡོངས་ཁྱབ་གསལ་བསྒྲགས་ཀྱང་གནང་།
དེ་ནས་བུད་མེད་ཀྱི་སྤྱི་འཐུས་དམིགས་བསལ་གྲངས་བཅད་མ་དགོས་པར་ཕོ་མོ་ཁྱད་མེད་འོས་འདེམས་བྱས་ཆོག་པའི་གསལ་བསྒྲགས་ཀྱང་གནང་ཡོད།
རང་གཞུང་ལྷན་ཁང་ཁག་གི་ལོ་འཁོར་དངུལ་རྩིས་དེ་སྔོན་བོད་གཞུང་བཀའ་ཤག་ནས་ཐུགས་འགན་གནང་མུས་དེ་དག་ ༡༩༧༥ ལོ་ནས་བཟུང་ཆེས་མཐོའི་རྒྱུན་ལས་ཚོགས་འདུ་ནས་གནང་རྒྱུར་ཐུགས་གཏན་འཁེལ་བ་ལྟར་དངུལ་རྩིས་ཚོགས་འདུ་གནང་ཕྱོགས་དང་། ལྷན་ཁང་ཁག་ནས་ལོ་འཁོར་རྩིས་མཚམས་བཟུང་ཕྱོགས་བཅས་ཀྱི་སྒྲིག་གཞི་ཡང་གསར་དུ་གཏན་འབེབས་གནང་།
༡༩༧༥ ལོར་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་ ༦ པའི་ཐོག་བཀའ་བསྡུར་བྱུང་བ་ལྟར། ཕྱི་ཟླ་ ༩ ཚེས་ ༢ ཉིན་བོད་ཆོས་སྲིད་གཉིས་ལྡན་རང་དབང་མང་གཙོའི་དུས་ཆེན་བརྩི་སྲུང་མཛད་རྒྱུར་གཏན་འབེབས་ཀྱིས་དབུས་དང་ཕྱོགས་མཐའི་ལས་ཁུངས་ཁག་གི་ལས་བྱེད་རྣམས་གཞུང་འབྲེལ་གུང་སེང་གནང་རྒྱུའི་གསལ་བསྒྲགས་གནང་ཡོད།
༡༩༧༧ ལོར་ལོ་འཁོར་ལས་བསྡོམས་ཚོགས་ཆེན་དང་སྟབས་བསྟུན་དབུས་དང་ཕྱོགས་མཐའི་རིས་མེད་ཆོས་སྡེ་དགོན་ཁག་དང་། བཟོ་གཞིས་འབྲོག་གསུམ་སོགས་བོད་མིའི་གནས་སྟངས་འདྲ་པར་གྱི་ལམ་ནས་འགྲེམས་སྟོན་ཐེངས་གསུམ་པ་དེ་གནང་།
སྤྱི་འཐུས་སྐབས་དྲུག་པའི་དུས་སུ་ཆོས་བརྒྱུད་སྤྱི་མཚུངས་ལྟར་གཡུང་དྲུང་བོན་གྱི་ཆོས་འཐུས་ ༡༩༧༧ ཟླ་ ༡༠ ཚེས་ ༥ ནས་བཟུང་གསར་བསྐོ་བསྐྱངས།
ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་ ༡༡ སྐབས་སུ་བཀའ་མོལ་བྱུང་བ་ལྟར། ཆེས་མཐོའི་རྒྱུན་ལས་ལྷན་ཚོགས་ནས་ ༡༩༧༩ ཟླ་ ༧ ཚེས་ ༢༣ ཉིན་འཆར་ཕུལ་ཕྱག་རྟགས་རིན་པོ་ཆེའི་དགོངས་དོན་བཀའ་བློན་རྣམ་པའི་མཛད་འཁུར་དུས་ཡུན་ཐད་དམ་ཕུལ་ཞུས་པའི་ཉིན་མོ་ནས་བཟུང་ལོ་ལྔའི་རིང་གནང་རྒྱུ་དང་། ལས་འཁུར་རྫོགས་ཟིན་པའི་བཀའ་བློན་གང་ཞིག་སླར་ཡང་བསྐོ་གཞག་དང་། ལོ་དུས་མ་རྫོགས་གོང་འཕོ་འགྱུར་རམ། ཡང་ན་ཕྱིར་འཐེན་གནང་སྒོ་ཅི་མཆིས་ཡེ་ཤེས་གཟིགས་དཔྱད་གནང་རྒྱུ་གཏན་འབེབས་མཛད།
ལོ་འཁོར་དངུལ་རྩིས་ཚོགས་ཆེན་ཕྱི་ཟླ་ ༤ ཚེས་ ༡ ནས་གནང་མུས་དེ་དག་ ༡༩༧༩ ལོ་ནས་བཟུང་ཕྱི་ཟླ་ ༢ ཚེས་ ༡ ནས་དངུལ་རྩིས་ཚོགས་འདུ་བསྐྱངས་རྒྱུ་དང་། ལས་ཁུངས་ཁག་གི་རྩིས་མཚམས་ཕྱི་ཟླ་ ༡༡ ཚེས་ ༣༠ ནས་རྩིས་སྒོ་རྒྱབ་རྒྱུ་བཅས་ལ་གཏན་འབེབས་གནང་།
༡༩༨༡ ལོ་ནས་ལོ་འཁོར་ལས་བསྡོམས་ཚོགས་ཆེན་དེར་བོད་གཞུང་མང་ལོ་འཁོར་སྲི་ཞུ་ཚོགས་ཆེན་ཞེས་སྒྲིག་གཞི་གཏན་འབེབས་དང་འབྲེལ་ལོ་ལྟར་ཚོགས་ཆེན་མ་དགོས་པར་ལོ་གཉིས་རེའི་མཚམས་ཚོགས་ཆེན་ཐེངས་རེ་གནང་རྒྱུ་བཅས་གཏན་འབེབས་མཛད། དེ་བཞིན་ཆེས་མཐོའི་རྒྱུན་ལས་ཚོགས་འདུའི་སྒྲིག་གཞིར་ཡང་ལེགས་བཅོས་གཏན་འབེབས་ཞུས།
༡༩༧༤ ལོ་ནས་བཟུང་བོད་རིགས་གཞོན་ནུའི་ལྷན་ཚོགས་ནས་སྤྱི་འཐུས་འོས་བསྡུ་གནང་ཕྱོགས་ཆོལ་གསུམ་སོ་སོ་མ་ཡིན་པར་ཆོལ་གསུམ་འོས་ཤོག་མཉམ་བསྡུ་གནང་རྒྱུར་དགོས་གལ་ཆེ་སྐོར་ཞུ་སྙན་རིམ་ཕུལ་ལ་བརྟེན་ ༡༩༨༡ ལོར་ཆེས་མཐོའི་རྒྱུན་ལས་ལྷན་ཚོགས་ཐོག་བཀའ་བསྡུར་གྱིས་སྐབས་བརྒྱད་པའི་འོས་བསྡུ་གཞོན་ནུའི་ལྷན་ཚོགས་ཀྱི་བསམ་འཆར་ཞུས་པ་ལྟར་གནང་རྒྱུར་མང་མོས་ཐག་གཅོད་བྱུང་སྟེ་ཆོལ་གསུམ་སྤྱི་འཐུས་འོས་བསྡུ་མཉམ་བླུག་བྱ་རྒྱུའི་སྒྱུར་བཅོས་སོང་བའི་གསལ་བསྒྲགས་དབུས་འདེམས་བསྐོ་ལྷན་ཚོགས་ནས་བསྐྱངས་པར། མདོ་སྟོད་མི་མང་གི་ཕྱོགས་ནས་སྤྱི་འཐུས་འོས་བསྡུ་གནང་ཕྱོགས་སྔར་ལམ་ལྟར་ལེགས་པའི་བསམ་ཚུལ་རིམ་བྱུང་ལ་བསྐྱར་དུ་བཀའ་བསྡུར་གནང་སྟེ་སྤྱི་འཐུས་སྐབས་བརྒྱད་པ་འདི་འོས་བསྡུ་ཆེན་མོ་ཐེངས་གཅིག་གིས་འཐུས་རྒྱུར་དེ་ཐོག་ཕྱག་རྟགས་རིན་པོ་ཆེ་སྤྱི་སྩལ་དགོངས་དོན་གནང་རྒྱུ་ཐུགས་གཏན་འཁེལ་བ་མ་ཟད། གྲངས་ཚད་ཀྱང་རྒྱས་བསྡུས་གནང་འོས་གནང་ཡོད།
༡༩༨༤ ཟླ་ ༣ ཚེས་ ༡༠ ནས་ ༡༩༨༥ ཟླ་ ༣ ཚེས ༩ བར་དུས་ཡུན་ལོ་གཅིག་གི་རིང་བོད་མིའི་བདེན་དོན་འཐབ་རྩོད་ཀྱི་གཞི་རྟེན་ལེཌ་པར་ཚུཌ་པའི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་ཞེས་ལོ་གཅིག་གི་རིང་བརྩི་སྲུང་གནང་བ་དང་། དེའི་ཁོངས་རྒྱ་གར་རྒྱལ་ས་ལྡི་ལིར་འགྲེམས་སྟོན་ཆེན་མོ་ཐེངས་བཞི་པ་དེ་ཚུགས་པ་ཡིན།
༡༩༨༤ ལོར་སྤྱི་འཐུས་སྐབས་དགུ་པའི་འོས་བསྡུའི་སྐོར་དབུས་འདེམས་བསྐོ་ལྷན་ཚོགས་ནས་གསལ་བསྒྲགས་བསྐྱངས་པར། སླར་ཡང་མདོ་སྟོད་མི་མང་གི་ངོས་ནས་སྔར་ལམ་ལྟར་ལེགས་ཆ་ཆེ་བའི་ཞུ་གླེང་རིམ་བྱུང་བཅས་ལ་བརྟེན་༸སྙན་སེང་བཀའ་སློབ་ཕེབས་དགོངས་ལྟར་བོད་མི་མང་ཁུངས་སོ་སོའི་ཚོགས་མི་དང་། གཞོན་ནུའི་ཚོགས་མི། བོད་ནས་གསར་འབྱོར་བཅས་ཚང་འཛོམས་བསམ་གྲོས་ཞིབ་བསྡུར་བགྱིས་པའི་མཐའ་མའི་ཐག་གཅོད་དུ། སྤྱི་འཐུས་འོས་བསྡུ་བྱ་ཕྱོགས་སྤྱི་མོས་སུ་འགྱུར་པའི་དུས་སྐབས་མ་བྱུང་བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་བསྐོ་གཞག་ཐུགས་རྗེ་ཆེ་བ་དང་། དེ་བཞིན་ལས་འཁུར་ཡུན་ཚད་ཀྱང་ལོ་ལྔ་བར་རིང་གཏོང་མཛད་འགབས་མཆིས་མིན་ཡེ་ཤེས་དབྱིངས་དཔྱད་ཡོང་བ་ཞེས་ཞུས་ཁོངས་ནས། སྤྱི་འཐུས་སྐབས་བརྒྱད་པ་འདི་ལོ་གཉིས་འཕར་འགྱངས་གནང་སྟེ། དེ་ནས་བཟུང་སྤྱི་འཐུས་ཀྱི་ལས་ཡུན་ལོ་ལྔར་ཐུགས་གཏན་འཁེལ་བའི ༡༩༨༥ ཟླ ༧ ཚེས་ ༨ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྩལ་བ་དང་།
༡༩༨༥ ཟླ ༩ ཚེས ༢ བོད་ཆོས་སྲིད་གཉིས་ལྡན་མང་གཙོའི་གཞུང་དབུ་བརྙེས་ནས་ལོ་ཉེར་ལྔ་འཁོར་བའི་དུས་ཆེན་ཉིན། བོད་ཆོས་སྲིད་ཡོངས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸ཞབས་སོར་མངོན་པར་འཁོད་དེ་བཀའ་སློབ་ཟབ་མོ་སྤྱི་སྨིན་བཀྲིན་ཆེ་བ་དང་། ཆོས་ལུགས་ཆོལ་གསུམ་དང་བཅས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀྲིན་གཏང་རག་སླད་རིན་ཆེན་དང་གཉིས་ལས་བསྐྲུན་པའི་བོད་མང་གཙོའི་གཞུང་གི་རྒྱལ་རྟགས་ཞིག་འབུལ་ལམ་ཞུས་པ་བཅས། དེ་ནས་བཟུང་མང་གཙོའི་དུས་དྲན་འདི་བཞིན་གཞུང་འབྲེལ་མཛད་སྒོར་གཏན་འབེབས་གནང་བ་ཡིན།
སྐབས་བཅུ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འོས་བསྡུ་སྔོན་འགྲོ་དང་། དངོས་གཞི་བཅས་པ་སྔར་རྒྱུན་བཞིན་རང་རང་ཆོལ་ཁ་ཆོས་བརྒྱུད་ཐོབ་ཁུངས་སོ་སོ་ནས་འོས་འཕེན་གྱིས་འདེམས་བསྐོ་གཏན་འབེབས་བྱུང་བ་བཞིན་ཕྱི་ལོ་ ༡༩༨༨ ཟླ ༩ ཚེས་ ༢ ཉིན་ལས་ཁུར་དམ་ཕུལ་དང་འབྲེལ་ལས་སྒོར་ཞུགས། སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཐོག་དུས་བསྟུན་ལེགས་ཆའི་སྒྱུར་བཀོད་བསྩལ་བཞེད་ཀྱིས་སྐབས་བཅུ་པའི་ལས་རྒྱུན་མ་གཙང་གོང་ཕྱི་ལོ་ ༡༩༩༠ ཟླ་ ༥ ཚེས ༡༡ ཉིན་འཁུ་བསྡུའི་གསལ་བསྒྲགས་བསྐྱངས།

ཐོག་མ།


མང་གཙོའི་བསྒྱུར་བཅོས་བཀོད་སྒྲིག་གསར་དུ་བསྐྱངས་པ།

ཕྱི་ལོ་ ༡༩༩༠ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོས་རྩ་ཁྲིམས་ཟིན་བྲིས་བསྐྱར་ཞིབ་ཚོགས་ཆུང་ཐད་བསྐོས་བསྐྱངས་དོན་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ལ་བསྐྱར་ཞིབ་དང་། བཙན་བྱོལ་དུ་གནས་རིང་ཆབ་སྲིད་ཀྱི་གཞི་རྟེན་མང་གཙོའི་མཚན་ཉིད་ཚང་ཞིང་། དངོས་ཡོད་གནས་ཚུལ་དང་བསྟུན་ཏེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་འགོད་འབུལ་དགོས་པའི་འགན་དཀྲི་བཀོད་ཁྱབ་བསྩལ།
བོད་མིའི་མང་གཙོ་ཚད་ལྡན་ཡར་རྒྱས་མདུན་བསྐྱོད་འབྱུང་ཐབས་དང་། འཛམ་གླིང་ཡར་ཐོན་རྒྱལ་ཁབ་ཁག་གི་མང་གཙོའི་འགྲོ་ལུགས་དང་མཐུན་པའི་གྲོས་ཚོགས་ལམ་ལུགས་སམ་ཁྲིམས་བཟོ་ལྷན་ཚོགས་མིང་དོན་མཚུངས་པ་ཡོང་ཐབས་སོགས་དགོངས་གཞི་དགོས་པ་དུ་མར་གཞིགས་ཏེ་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆར་འཕར་སྣོན་རྒྱ་བསྐྱེད་མཛད་ཅིང་། དེ་ཡང་ཆོལ་ཁ་གསུམ་སོ་སོར་སྤྱི་འཐུས་མི་གྲངས་ ༡༠ རེ་དང་། དེ་ཁོངས་བུད་མེད་སྤྱི་འཐུས་གཉིས་རེ་ངེས་པར་དགོས་ཤིང་། ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་པར་སྤྱི་འཐུས་གཉིས་རེ། ༸གོང་ས་ཆེན་པོས་ཐད་བསྐོས་སྤྱི་འཐུས་གཅིག་ནས་གསུམ། བྱང་ཨ་རི་ཁུལ་ས་གནས་ཁག་ནང་གནས་སྡོད་བོད་མིའི་ཁོངས་འོས་བསྡུ་བྱས་པའི་སྤྱི་འཐུས་གཅིག་ ཡོ་རོབ་ཁུལ་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་བཅས་བསྡོམས་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་གྲངས་ ༤༦ ལ་སྤར་ཆ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་མ་འཚུག་པའི་སྐབས་རྒྱུན་ལས་ཚོགས་ཆུང་ཞིག་དགོས་པར། ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་རེ་དང་། ཆོས་བརྒྱུད་རེ་ནས་སྤྱི་འཐུས་རེ། ཐད་བསྐོས་སྤྱི་འཐུས་ཡོད་ན་གཅིག་བཅས་གྲངས་ ༡༢ བཅས་ལ་གཏན་འབེབས་བཀོད་བསྒྲིགས་གསར་དུ་གནང་། གོང་དུས་ནས་བཟུང་སྤྱི་འཐུས་འོས་འདེམས་བྱུང་བ་རྣམས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོས་བཀའ་འཁྲོལ་ཕྱག་རྟགས་བསྩལ་ལམ་ཡོད་པ་དེ་དག་མཚམས་འཇོག་གནང་།
ཕྱི་ལོ་ ༡༩༩༡ ཟླ་ ༥ ཚེས་ ༢༩ ཉིན་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལས་ཁུར་དམ་འབུལ་མཛད་སྒོའི་མཇུག་ཏུ་༸གོང་ས་ཆེན་པོས་གོང་གསལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟིན་བྲིས་སྤྱི་འཐུས་ལྷན་ཚོགས་སུ་གསོལ་བསྩལ་དང་སྦྲགས་ཞུ་སྒོའི་བཀའ་སློབ་ཞིབ་རྒྱས་ཤིག་བསྩལ་ཁོངས་དམིགས་བཀར་ཁྲིམས་བཟོ་དང་འབྲེལ་བའི་ཕེབས་དགོངས་སུ། མ་འོངས་པའི་རྩ་ཁྲིམས་དེ་རྩ་དོན་དེ་དག་བསམ་བློའི་འཁྱེར་སོའམ། སྲིད་བྱུས་ལ་བཟུང་ནས་བཟོ་རྒྱུ་ཡིན། ད་ལྟ་བར་བརྒལ་དུས་སྐབས་ལ་རྩ་འཛིན་བྱེད་རྒྱུའི་བཅའ་ཁྲིམས་འདི་ཡང་དེ་དང་འགྲོས་མཐུན་པའི་གོམ་རིམ་དང་པོའི་ཡིག་ཆ་ཞིག་ཡིན། དེ་དག་ནི་རྩ་ཁྲིམས་བསྐྱར་ཞིབ་ཚོགས་ཆུང་ནས་བསམ་བློ་བཏང་བ་དང་། དེ་བཞིན་བྱེས་འཁོད་མི་མང་གཙོ་བོར་གྱུར་པའི་འབྲེལ་བ་བྱེད་ཐུབ་སའི་བོད་མི་ནང་ཁུལ་ནས་བསམ་འཆར་གང་ཐུབ་བསྡུས་པའི་ལེགས་ཆའི་བསམ་འཆར་རྣམས་བསྣན་ཡོད། དེ་རིང་འདིར་ཁྱེད་རང་ཚོ་སྐབས་བཅུ་གཅིག་པའི་སྤྱི་འཐུས་རྣམས་གོང་དུ་བརྗོད་པ་བཞིན་སྤྱི་འཐུས་འོས་བསྡུ་སྟངས་དང་། མཐའ་མའི་གཏན་འབེབས་བྱེད་སྟངས་ལམ་གསར་པ་ཞིག་གི་ཐོག་ནས་གཏན་འཁེལ་བ་མ་ཟད། ད་རེས་ཀྱི་ལས་དུས་འདི་ཁྲིམས་བཟོ་ལྷན་ཚོགས་ཤིག་ཆགས་ཡོད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་འདི་དག་ལ་ཁྱེད་རང་ཚོས་ཉིན་བསྟུད་དེ་བགྲོ་གླེང་དང་གོ་བསྡུར་མཐིལ་ཕྱིན་པ་ཞིག་བྱེད་དགོས་པ་དང་། ཡང་ཕྱོགས་མཐའི་བསམ་འཆར་རྣམས་ལ་ཡང་བལྟ་རྒྱུ་ཡོད་པས། གང་དགའ་ཅི་ལེགས་ཀྱི་དགོངས་པ་ཡག་པོ་བཞེས་ཏེ་གཏན་འབེབས་བྱེད་ཐུབ་པ་དགོས། འདི་ལས་འགན་གཅིག་ཡིན་ཞེས་སོགས་སྤྱི་ཕེབས་བཞིན་སྐབས་དེར་སྤྱི་འཐུས་ལྷན་ཚོགས་སུ་བཅའ་ཁྲིམས་དོན་ཚན་རེ་རེ་བཞིན་གཙིགས་ཆེར་ངོས་འཛིན་གྱིས་ཁྲིམས་མཐུན་བགྲོ་གླེང་གྲོས་བསྡུར་ཉིན་བསྟུད་ཞིབ་ལྷུག་ཏུ་གནང་སྟེ་ ༡༩༩༡ ཟླ་ ༦ ཚེས་ ༡༤ ཉིན་གཏན་འབེབས་གསལ་བསྒྲགས་བསྐྱངས།
སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་པ་བར་ལོ་གཉིས་རེའི་མཚམས་སྲི་ཞུ་ཚོགས་ཆེན་ཚུགས་བཞིན་པ་དེ་དག་དང་། ཟླ་རེའི་ནང་ཆེས་མཐོའི་རྒྱུན་ལས་ཚོགས་འདུ་ཐེངས་རེ་གནང་ལམ་ཡོད་པ་གཉིས་རང་བཞིན་འཁུ་བསྡུ་སོང་ཞིང་། དེའི་ཚབ་ཏུ་འཛམ་གླིང་སྤྱི་སྲོལ་དང་མཐུན་པའི་ཁྲིམས་བཟོའི་ལས་དོན་གཙོ་གྱུར་ཐོག་རྒྱལ་དོན་སྲིད་བྱུས་གཏན་འབེབས་དང་འབྲེལ་བའི་གལ་ཆེའི་ལམ་སྟོན། བཙན་བྱོལ་བོད་གཞུང་མ་ལག་དང་བཅས་པའི་ལོ་འཁོར་སྔོན་རྩིས་གཏན་འབེབས། ཆབ་སྲིད་དང་འཛིན་སྐྱོང་སྐོར་གལ་ཆེའི་གནད་དོན་ཁག་སྐབས་དུས་སོ་སོར་བཀའ་བསྡུར་ཐག་གཅོད། གཞན་ཡང་རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྡུག་དཀའ་སེལ་དང་འབྲེལ་བའི་གནད་དོན་གལ་ཆེའི་རིགས་བཀའ་བསྡུར་ཐག་གཅོད་གནང་རྒྱུ་སོགས་ཀྱི་ཆེད་ལོ་རེའི་ནང་སྤྱི་འཐུས་གྲོས་ཚོགས་ཐེངས་གཉིས་རེ་བསྟར་ཆགས་སུ་འཚུག་རྒྱུའི་ལམ་ལུགས་གསར་གཏོད་གནང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་གཙོས་སྒྲིག་གཞི་ཁག་ཁྲིམས་ལུགས་གཞིར་བཟུང་གཏན་འབེབས་བྱ་འགོ་བཙུགས། ཁྲིམས་སྒྲིག་གཏན་འབེབས་ཟིན་པ་རྣམས་གཤམ་དུ་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་དབང་ཁོངས་ཞིབ་གསལ་བཀོད་ཡོད།
ཕྱི་ལོ་ ༡༩༩༠ ཕན་རང་གཞུང་འཕྲིན་ལས་ཀྱི་མཛད་གཙོ་བཀའ་བློན་རྣམས་༸གོང་ས་ཆེན་པོས་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐད་བསྐོ་བཀོད་བསྒྲིགས་བསྩལ་ལམ་ཡོད་པ་དེ་ལྟར་ཡང་། ལོ་དེར་དམིགས་བསལ་ཚོགས་ཆེན་སྐོང་ཚོགས་སྐབས་སུ་བཀའ་ཤག་གི་བཀའ་བློན་རྣམས་འོས་འདེམས་གནང་བ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གྲུབ་པ་ནས་བཟུང་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་ལས་ཁུངས་ཆེ་ཁག་བདུན་གྱི་བཀའ་བློན་དང་། བཀའ་བློན་ཁྲི་པ་བཅས་བཀའ་བློན་བརྒྱད་འོས་འདེམས་གནང་ཕྱོགས་ཐད་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་ལྟར་སྤྱི་ནོར་༸གོང་ས་ཆེན་པོས་འོས་དམིགས་མིང་འདོན་མཛད་གནང་ཇི་བྱུང་ཐོག་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ངོ་ཡོད་རྣམས་ཀྱིས་གསང་བའི་སྒོ་ནས་འོས་འཕེན་མང་རིམ་རྩེ་བཏོག་གིས་གྲངས་ ༨ འདེམས་ཐོན་བྱུང་བ་རྣམས་ལ་བཀའ་བློན་གསར་པར་གཏན་འཁེལ་གསལ་བསྒྲགས་དང་། སྤྱི་ནོར་༸གོང་ས་ཆེན་པོའི་སྐུ་མདུན་ནས་ལས་ཁུར་དམ་བཅའ་འབུལ་བཞེས་གྲུབ་མཚམས་ལས་སྒོར་ཞུགས་པ་ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འགན་འཁུར་གྱིས་ལས་དོན་སྙན་ཞུ་དགོས་པ་ཡིན།
དེ་འབྲེལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན། ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་འོས་དམིགས་༸གོང་ས་ཆེན་པོས་བསྩལ་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་མོས་མཐུན་དང་གསལ་བསྒྲགས་དགོས་པ་བཅས་མང་གཙོའི་ཀ་བ་གསུམ་སྟེ་ཁྲིམས་བཟོ་ལྷན་ཚོགས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་། འཛིན་སྐྱོང་བཀའ་ཤག་བཅས་ཀྱི་འགན་དབང་ལྗིད་མཉམ་དབྱེ་གསེས་གསལ་འབྱེད་བཟོ་གནང་དང་། གཞན་ཡང་རང་དབང་ལྡན་པའི་ལས་ཁུངས་གསུམ་སྟེ་འོས་བསྡུ་ལས་ཁང་དང་། གཞུང་ཞབས་འདེམས་བསྐོ་ལྷན་ཁང་། རྩིས་ཞིབ་ལས་ཁང་གསུམ་སྒྲིག་འཛུགས་བསྐྱངས་པ་བཅས་མདོར་ན་གཞི་རྒྱ་ཆེ་ཆུང་ལ་མ་ལྟོས་པར་རང་བཙན་རྒྱལ་ཁབ་ཁག་དང་འདྲ་བའི་བཙན་བྱོལ་སྤྱི་ཚོགས་ནང་མང་གཙོ་དོན་སྙིང་ལྡན་པ་འགྱུར་ཐབས་སུ་སྒོ་ཀུན་ནས་ཐུགས་འབུངས་ཆེ་བསྐྱེད་གནང་བ་བཞིན་བོད་མི་རྣམས་ཀྱིས་རང་དབང་མང་གཙོའི་དཔལ་ལ་སྤྱོད་བཞིན་པ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་འབྲེལ་བཞིན་འབྱུང་འགྱུར་བོད་ཀྱི་ཆབ་སྲིད་ལངས་ཕྱོགས་ཇི་དགེ་མང་མོས་ཐག་གཅོད་འོས་བསྡུ་ཆེན་མོ་གནང་རྒྱུའི་དགོངས་བཞེད་གནང་བ་ལྟར་གདམ་བྱའི་དཔེ་མཚོན་རང་བཙན་གཙང་མ་དང་། དབུ་མའི་ལམ། རང་ཐག་རང་ཆོད། བདེན་པའི་ཨུ་ཚུགས་བཅས་ཐོག་བོད་གཞུང་བཀའ་སྤྱི་ཐོུང་གིས་ཕྱི་ལོ་ ༡༩༩༥་༩༦ སོ་སོར་ལོ་གཉིས་ཙམ་རིང་རང་རིགས་འདུ་སྡོད་ཁག་ནང་མང་ཚོགས་ལ་གསལ་བཤད་དང་། སློབ་སྟོན། ཟབ་སྦྱོང་། བགྲོ་གླེང་སོགས་གོ་སྒྲིག་ལག་བསྟར་མུ་མཐུད་གནང་ཞིང་། དེ་རྗེས་ལས་རིམ་ནང་གསལ་ལྟར་བྱེས་འབྱོར་བོད་མི་མང་ཚོགས་ནས་སྔོན་འགྲོའི་བསམ་ཤོག་དང་། གཞིས་སྡོད་བོད་མིའི་བསམ་ཚུལ་ཇི་ཡོད་ཕྱི་ནང་གསང་གསུམ་སྒོ་ནས་བསྡུ་ལེན་བགྱིས་དོན་བྱེས་འབྱོར་བོད་མི་མང་བརྒྱ་ཆ་ ༦༤།༦༠ ནས་མང་མོས་ཐག་གཅོད་འོས་བསྡུ་མ་དགོས་པར་༸གོང་ས་ཆེན་པོས་རྒྱལ་སྤྱིའི་ནང་ཆབ་སྲིད་དང་། གནས་དུས་ཀྱི་འགྱུར་འགྲོས་དང་བསྟུན་པའི་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་གནང་སྐྱོང་དང་། མང་མོས་ཐག་གཅོད་འོས་བསྡུའི་ལས་འཆར་ཕྱིར་འཐེན་གསལ་བསྒྲགས་ཡོང་བ། ༸གོང་ས་ཆེན་པོས་དུས་ནས་དུས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱིས་བོད་ཀྱི་རྩ་དོན་དང་། དེའི་སྒྲུབ་ཐབས་སྲིད་བྱུས་ཐག་གཅོད་ཇི་གནང་ལ་མང་མོས་འོས་བསྡུའི་ལམ་ནས་གཏན་ལ་ཕབ་པ་དང་ཁྱད་མེད་ཁྲིམས་ཀྱི་ནུས་ཤུགས་ལྡན་པར་བོད་མི་མང་ཡོངས་ནས་ཚད་འཛིན་ཞུ་རྒྱུ་ཡིན་སྐོར་སྐབས་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པར་སྤྱི་མོས་གྲོས་ཆོད་ཅིག་བཞག་སྟེ་མང་མོས་འོས་བསྡུ་ཆེན་མོ་ཕྱིར་འཐེན་གནང་།
རང་གཞུང་བཀའ་ཤག་གི་བཀའ་བློན་ཁྲི་པ་དང་། བཀའ་བློན་འོས་འདེམས་བྱ་ཕྱོགས་སྐོར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་བཅུ་གཉིས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པར་དེ་སྔ་ཕྱི་ལོ་ ༡༩༩༨ ཟླ་ ༩ ཚེས་ ༡༦ ཉིན་གསུང་འཕྲིན་ཕེབས་དགོངས་སུ། ཕྱི་ལོ་ ༡༩༩༠ ཕན་བཙན་བྱོལ་བོད་གཞུང་གི་བཀའ་བློན་རྣམས་འདི་ནས་ཐད་བསྐོས་བྱས་པ་དང་། ༡༩༩༡ ཟླ་ ༦ ཚེས་ ༡༤ ཉིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་ལ་ཕབ་པའི་དོན་ཚན་ ༢༡ ནང་བཀའ་བློན་འོས་འདེམས་བྱེད་ཕྱོགས་སྐོར་འོས་ཤོག་ཇི་བྱུང་རྩ་འབོར་གྱི་བརྒྱ་ཆ་བདུན་ཅུ་ལོངས་པ་དགོས་རྒྱུ་གསལ་བ། དངོས་སུ་ལག་བསྟར་སྐབས་བརྒྱ་ཆ་མ་ལོངས་པའི་རྐྱེན་གྱིས་ ༡༩༩༣ ལོར་བསྐྱར་བཅོས་ཀྱིས་བཀའ་བློན་འོས་གཞི་ངོས་ནས་མིང་འདོན་བྱ་རྒྱུ་གསལ་བ་ལྟར་ད་བར་ལག་བསྟར་བགྱིས་པ་དེ་ལྟར་ཡང་། ཕྱོགས་གཅིག་ནས་འོས་གཞིའི་མི་འགྲོ་འདོད་པ་ཁེངས་པ་ཞིག་རྙེད་སོན་ཡོང་མིན་དང་། གཉིས་ནས་སྤྱི་མཚུངས་མང་གཙོའི་འགྲོ་སྟངས་ཀྱི་ཆ་ནས་ཀྱང་བདེ་མིན་བཅས་ལ་བརྟེན། སླད་མང་གཙོའི་རྒྱལ་ཁབ་ཁག་ནང་ཡོད་མུས་ཡོངས་གྲགས་ཀྱི་འགྲོ་སྟངས་དང་ཉེ་བ་བཀའ་བློན་ཁྲི་པའི་འོས་དམིགས་གསུམ་ངོས་ནས་དམིགས་འཛུགས་བགྱིས་པར་སྤྱི་འཐུས་རྣམས་ནས་གསང་བའི་འོས་བསྡུའི་ཐོག་ནས་མི་གཅིག་འདེམས་སྒྲུག་གིས་མང་མོས་འོས་ཐོན་བྱུང་བ་དེས་བཀའ་བློན་ཁྲི་པ་བྱ་རྒྱུ་དང་། ཁྲི་པ་དེས་རང་ཉིད་ཀྱི་ལས་རོགས་བཀའ་བློན་འོས་དམིགས་ ༡༤ ལས་མི་ཉུང་བ་ཞིག་མིང་བཏོན་གྱིས་དེར་སྤྱི་འཐུས་ནས་འོས་ཤོག་འཕངས་ཏེ་མང་མོས་འོས་ཐོན་རྩེ་བཏོག་གིས་བདུན་ལ་གཏན་འབེབས་བྱ་འོས་སྙམ་པ་དང་།
ཡང་ན། སྤྱི་འཐུས་རྣམ་པའི་ཐོག་དབུས་དང་ཕྱོགས་མཐའི་གཞུང་ཞབས་དྲུང་གཞོན་ཡན་དང་། རྒྱ་གར་དང་ཕྱི་རྒྱལ་ས་གནས་ཁག་གི་གྲོས་ཚོགས་དང་། རང་བཙན་ཚོགས་ཆུང་ཁག་གི་འཐུས་ཚབ། ཚོགས་པ་ཁག་གི་འཐུས་མི་བཅས་ནས་མང་མོས་འོས་འདེམས་བྱས་པའི་རྩེ་བཏོག་གིས་བརྒྱད་ལ་བཀའ་བློན་གཏན་འབེེབས་བྱ་རྒྱུ་དང་། འོས་གྲངས་མང་ཤོས་དེས་བཀའ་བློན་ཁྲི་པ་བྱ་རྒྱུ་བྱས་ཚེ་འོས་གཞི་ཡོང་ཁུངས་གཞི་རྒྱ་ཆེ་ཙམ་བྱུང་བ་ལ་བརྟེན་ནས་མི་འགྲོ་ཡང་དྲག་གྲས་འདེམས་ཐོན་ཡོང་རེ།
ཡང་ན། འོས་གྲངས་མང་རིམ་བརྒྱད་ལ་བཀའ་བློན་དུ་ངེས་པ་ལྟར། འདེམས་ཐོན་བཀའ་བློན་རྣམས་ནས་ད་མུས་བཞིན་གསང་བའི་འོས་བསྡུ་བྱས་ཏེ་འོས་གྲངས་མཐོ་ཤོས་སུ་ཡིན་དེས་བཀའ་བློན་ཁྲི་པ་བྱས་ན་སྙམ་བཅས་སྤྱི་ཕེབས་བཞིན། གྲོས་ཚོགས་སུ་བསམ་ཞིབ་གྲོས་བསྡུར་སྱང་བཤད་རིམ་བསྟུད་གནང་མཐར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༢༡ པར་ ༢༠༠༠ ཟླ་ ༡༠ ཚེས་ ༣ ཉིན་བསྐྱར་བཅོས་གནང་དོན།
༡༽ བཀའ་ཤག་ཏུ་བཀའ་བློན་ཁྲི་པ་གཅིག་དང་། བཀའ་བློན་བདུན་ལས་མ་མང་བ་ཞིག་དགོས་པ་བཀའ་བློན་ཁྲི་པ་ཁྲིམས་ལུགས་གཞིར་བཟུང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམས་ཀྱིས་གསང་བའི་འོས་ཤོག་ཐོག་ནས་འོས་བསྡུ་བྱ་རྒྱུ།
༢༽ ཐོག་མར་བཀའ་བློན་ཁྲི་པའི་འོས་གཞི་གཉིས་ལས་མི་ཉུང་བ་༸གོང་ས་༸སྐྱབས་མགོན་ཆེན་པོས་མིང་འདོན་གནང་རྒྱུ་བཅས་ལ་ཐུགས་གཏན་འཁེལ་ཡོད། འོན་ཀྱང་སྒྲིག་གསལ་ལག་བསྟར་འགོ་འཛུགས་བྱ་རྒྱུའི་དུས་སུ་མ་སླེབས་མུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༠༡ ཟླ་ ༣ ཚེས་ ༡༥ ཉིན་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་གཉིས་པའི་ཚོགས་དུས་བཅུ་གཅིག་པར་གྲོས་ཚོགས་སུ་ཆིབས་སྒྱུར་གྱིས་བཀའ་སློབ་བསྩལ་ཁོངས། ད་ལྟ་ངའི་ཞུ་འདོད་ཡོད་པའི་དོན་གནད་འདི་རོབ་ཙམ་ཞིག་བཀའ་བློན་ཚོ་དང་། དེ་བཞིན་ཚོགས་གཙོ་སོགས་མང་པོ་ཞིག་མཉམ་དུ་སྔོན་ནས་སྐད་ཆ་ཡོང་བསྡད་པ་ཞིག་རེད། ལོ་ཤས་སྔོན་ནས་འཛིན་སྐྱོང་དང་གྲོས་ཚོགས་གང་གི་ཁུངས་ཡིན་ནའང་མང་གཙོའི་རང་བཞིན་དང་ལྡན་པའི་སྒྲིག་འཛུགས་ཤིག་ཆགས་ཀྱི་ཡོད་པས་ཁུར་དང་འགན་གཙོ་བོ་བླང་དགོས་ཀྱི་རེད། དེ་ཡང་༸རྒྱལ་བ་རིན་པོ་ཆེ་མེད་པ་ལྟ་བུའི་བསམ་བློ་བཏང་དགོས་ཀྱི་ཡོད་པ་དང་། ལས་ཀ་བྱེད་དགོས་ཀྱི་འདུག་ཅེས་བཤད་བསྡད་ཀྱི་ཡོད་པ་ཚང་མས་མཁྱེན་གསལ་རེད། དེ་བཞིན་ཁ་སྔོན་གྲོས་ཚོགས་ཀྱིས་བཀའ་བློན་འདེམས་ཕྱོགས་ཀྱི་ཐད་ལ་བཅའ་ཁྲིམས་འགྱུར་བ་བཏང་སྟེ་བཀའ་བློན་ཁྲི་པར་འཁོད་པའི་ཁྲི་པ་དེས་བཀའ་བློན་སྤྱི་བྱིངས་གཞན་རྣམས་ཀྱི་མི་འགྲོ་དམིགས་འཛུགས་བྱས་པར་གྲོས་ཚོགས་ཀྱིས་འགྲིག་མ་འགྲིག་བལྟ་རྒྱུ་དང་། བཀའ་བློན་ཁྲི་པའི་འོས་དམིགས་ངས་བཏོན་རྒྱུ་དང་དེ་ལ་གྲོས་ཚོགས་ནས་གཏན་འབེབས་གནང་རྒྱུའི་ཐོག་ལ་གཏན་འཁེལ་ཡོད། དེ་ནི་ད་བར་དུ་བྱས་པའི་བསྒྱུར་བཅོས་རེད། དེ་ཡང་མང་གཙོའི་ངོ་བོ་དང་ཐག་ཉེ་རུ་ཕྱིན་པ་ཞིག་རེད། འོན་ཀྱང་ལམ་སྲོལ་དེ་ད་དུང་མུ་འཐུད་ནས་འགྱུར་བ་འགྲོ་དགོས་པ་ཞིག་མ་གཏོགས་ནམ་ཞག་གཏན་དུ་དེ་གའི་ལམ་ནས་འགྲོ་ཐུབ་རྒྱུ་ཞིག་མ་རེད། དེ་ཡང་སྐྱོན་འདོགས་བྱེད་མཁན་གཅིག་གི་ངོས་ནས་བཤད་པ་ཡིན་ན། གུང་བྲན་ཏང་གིས་འོས་གཞི་ཞིག་བཏོན་ནས་དེ་ལ་མང་ཚོགས་ཀྱིས་འོས་ཤོག་བླུག་ཏུ་བཅུག་ནས་ར་སྦར་ ༼འགྱིག ༽དམ་ཕྲུག་ Rubber Stamp དང་འདྲ་བ་ཞིག་བྱས་བསྡད་པ་དང་འདྲ་བར་༸རྒྱལ་བ་རིན་པོ་ཆེས་འོས་གཞི་བཏོན་པའི་འོས་གཞིའི་ནང་ལ་ཡོད་པ་ཞིག་ལ་མ་གཏོགས་གྲོས་ཚོགས་ནས་འོས་བླུག་ས་ཡོད་པ་མ་རེད་ཅེས་བརྗོད་སྲིད། ཡང་ང་རང་སྒེར་གྱི་དཀའ་ངལ་གྱི་ངོས་ནས་ཆ་བཞག་ནའང་། དེ་སྔ་ཕན་ཆད་བཀའ་བློན་གྱི་འོས་གཞི་བཏོན་སྐབས་ང་རང་གི་འདོད་པ་ཁེངས་པ་དང་ཡིད་ཚིམས་པ་ཞིག་རྩ་བ་ནས་ཡོང་གི་མི་འདུག དེ་བཞིན་ཕྱོགས་ཚང་མའི་གནས་ཚུལ་རྟོགས་ཀྱི་མི་འདུག་པས། དེའི་ཐོག་ལ་འབྲེལ་ཡོད་ལས་ཁུངས་དང་ངོ་ཤེས་པ་ཚོ་ལ་སྐད་ཆ་དྲིས་ཀྱི་ཡོད་ཀྱང་། དེ་ལའང་དགེ་སྐྱོན་གཉིས་ཀ་ཡོད་པ་ལྟ་བུ་གང་ལྟར་བྱེད་བདེ་པོ་དང་འདོད་པ་ཁེངས་པ་ཞིག་ཡོང་གི་མི་འདུག སྔ་ཕྱི་མ་གཏོགས་ངས་འོས་གཞི་བཏོན་རྒྱུ་དེ་འགྱུར་བ་འགྲོ་དགོས་པ་ཞིག་རེད། དེས་ན་དེ་རིང་བསྒྱུར་བཅོས་ཤིག་བཏང་བའི་སྐབས་འདིར་མ་འོངས་པར་ལོ་ལྔ་དང་བཅུའི་ཐོག་མུ་མཐུད་ནས་བསྒྱུར་བཅོས་བཏང་མི་དགོས་པ་ཞིག་དང་། དེ་རིང་འགྱུར་བ་བཏང་བ་དེ་མུ་མཐུད་ནས་ལོ་ཉི་ཤུ་སུམ་ཅུ་བཞི་བཅུ་ལྔ་བཅུ་སོགས་གང་ལྟར་ང་ཚོ་བཙན་བྱོལ་དུ་ནམ་གནས་ཀྱི་རིང་ལ་ཡང་བསྐྱར་འགྱུར་བ་བཏང་མི་དགོས་པ་ཞིག་བྱུང་ན་ཡག་པོ་རེད། ང་རང་ཚོའི་དཔེ་ཆའི་ནང་དུ་རབ་བརྒལ་གཅིག་ལ་བརྫི་བཅངས་གཉིས་མིན་ཞེས་གསུངས་པ་ལྟར་བསྒྱུར་བཅོས་ཐེངས་གཉིས་མི་དགོས་པར། དེ་རིང་བསྒྱུར་བཅོས་ཤིག་བཏང་ན་བསམས་བྱུང་། འོ་ན་བསྒྱུར་བཅོས་འདི་གང་འདྲ་ཞིག་བཏང་དགོས་ཞེས་ལབ་ན། འོས་གཞི་ངས་བཏོན་མི་དགོས་པར་བཀའ་བློན་ཁྲི་པ་སྤྱི་འཐུས་འོས་འདེམས་བྱེད་པ་ནང་བཞིན་བྱས་ཏེ། བོད་ནང་གནས་པའི་བོད་མི་རྣམས་བཙན་བྱོལ་དུ་འོས་འཕེན་པའི་ནང་ལ་ཞུགས་ཐབས་ཡོད་མ་རེད་དེ། བཙན་བྱོལ་ནང་གི་བོད་མི་ཡོངས་རྫོགས་ཀྱིས་འོས་འཕེན་ནས་བཀའ་བློན་ཁྲི་པ་གདམ་རྒྱུ་ཞིག་བཟོས་ན་སྙམ། དེ་ཡང་འོས་གཞི་བཏོན་ཕྱོགས་སྐོར་ལ་ང་ཚོར་ཆབ་སྲིད་ཀྱི་ཚོགས་པ་ཡོད་ན་ཚོགས་པ་སོ་སོས་མི་འགྲོ་བཏོན་ཡོང་གི་རེད། ཡིན་ནའང་ང་ཚོ་ལ་ཆབ་སྲིད་ཀྱི་ཚོགས་པ་མེད་པས་འོས་གཞི་བཏོན་སྟངས་ཀྱི་ཐོག་ལ་གང་འདྲ་བྱས་ནས་དགའ་མིན་གྱི་གོ་བསྡུར་བྱེད་ཐུབ་ན་བསམས་བྱུང་། འོས་གཞི་འདོན་མཁན་དེ་ངས་ད་ལྟ་ཧོབ་སྟེ་བསམ་བློའི་ནང་ལ་འཁོར་བ་ལ་བཀའ་ཟུར་དང་། སྤྱི་འཐུས་ཟུར་པ་དང་། ད་དུང་རྒྱ་ཆེ་ཙམ་བྱས་ན་དྲུང་ཆེ་ཡན་ཆད་ཀྱི་ལས་བྱེད་ཟུར་པ་དང་། དེ་མིན་ཚོགས་པ་སྐྱིད་སྡུག་གི་འཐུས་མི་རྣམས་ཞུགས་ཆོག་གི་རེད། བཀའ་ཟུར་དང་སྤྱི་ཟུར་དང་དྲུང་ཆེ་ཡན་ཆད་ཀྱི་ལས་བྱེད་ཟུར་པ་རྣམས་རྩིས་ཏེ་ཧ་ལམ་མི་ཉི་ཤུ་སུམ་ཅུ་ཡོང་གི་རེད་བསམ་གྱི་འདུག དེ་ནས་གཞོན་ནུ་ཚོགས་པ་བུད་མེད་ཚོགས་པ་སོགས་ནས་ཡོང་ཆོག་གི་རེད། གང་ལྟར་བཙན་བྱོལ་དུ་མི་ཆིག་འབུམ་སུམ་ཁྲི་བཞི་ཁྲི་ཞིག་ཡོད་པའི་ནང་ལ་ཡན་མན་ཤར་གསུམ་ནས་ཚང་མས་བསམ་བློ་བཏང་ནས་ཞིབ་འཇུག་ཡག་པོ་བྱས་ཏེ་དྲག་སྒྲུག་བརྒྱབ་ནས་བཀའ་བློན་ཁྲི་པ་མི་གཅིག་རེད་དེ། སྔོན་འགྲོའི་འོས་གཞི་བཅུའམ་ཉི་ཤུ་ཙམ་བཏོན་ནས་མང་ཚོགས་ལ་བཀྲམས། དེ་ནས་མང་ཚོགས་ཀྱིས་འོས་བསྡུས་ཏེ་འོས་གྲངས་མཐོ་ཤོས་སླེབས་པ་རྩེ་བཏོག་གིས་མི་གཉིས་སམ་གསུམ་གྱི་འོས་གཞི་སླར་ཡང་མང་ཚོགས་ལ་བཀྲམས་ནས་བཀའ་བློན་ཁྲི་པ་འདི་མང་ཚོགས་ནས་འོས་འཕེན་གྱིས་གཏན་འཁེལ་ཐུབ་ན་སྙམ་པའི་བསམ་བློ་འཁོར་བྱུང་། དེ་ཡང་འདིའི་ཐོག་ལ་ཁྱེད་རང་ཚོས་ལེགས་ཆའི་བསམ་བློ་ག་རེ་གཏང་རྒྱུ་ཡོད་པ་བཏང་སྟེ་གྲོས་བསྡུར་བྱས་ནས། སྔོན་ལ་ཐོག་མའི་སྔོན་འགྲོའི་འོས་གཞི་འདོན་མཁན་བྱས་ན་དགའ་བ་ཡོད་མིན་གྱི་ཐོག་ལ་གཏན་འབེབས་གནང་། དེས་སྔོན་འགྲོའི་འོས་གཞི་བཏོན་པ་རྣམས་མང་ཚོགས་ལ་བཀྲམས་ནས་མང་ཚོགས་ཀྱིས་འོས་གང་དུ་མང་བ་འཕེན་པའི་ཐོག་ལ་མཐའ་མའི་འོས་འདེམས་ཀྱང་མང་ཚོགས་ཀྱིས་གནང་སྟེ་བཀའ་བློན་ཁྲི་པའི་འོས་འདེམས་གནང་རྒྱུའི་གཏན་འཁེལ་ཐུབ་ན། དངོས་གནས་མང་མོས་ཀྱིས་འདེམས་པ་ཞིག་ཆགས་ཀྱི་ཡོད་རེད། དེ་འདྲ་བྱུང་ན་མ་འོངས་པ་ལའང་སླར་ཡང་བསྒྱུར་བཅོས་བཏང་དགོས་གཏན་ནས་ཡོད་མ་རེད་བསམ་གྱི་འདུག ད་ལན་ངས་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་དུའང་སླར་ཡང་བསྒྱུར་བཅོས་ཆེ་ཙམ་གཏང་རྒྱུའི་འདོད་པ་ཡོད་ཅེས་བཤད་ཡོད། དེས་ན་ད་ལྟ་ངས་གོང་དུ་ཞུས་པ་ལྟར་བྱུང་ན་དངོས་གནས་བཙན་བྱོལ་སྲིད་གཞུང་གི་འཛིན་སྐྱོང་གི་གཙོ་འཛིན་བཀའ་བློན་ཁྲི་པ་དོན་དུ་སྲིད་བློན་འདྲ་པོ་ཆགས་ཀྱི་ཡོད་པ་དེའི་འོས་འདེམས་མང་མོས་ཀྱི་ཐོག་ནས་ཡར་སླེབས་ཐུབ་པ་ཞིག་ཆགས་ན་བསམ་བྱུང་། ཞེས་སྤྱི་ཕེབས་ལྟར་གྲོས་ཚོགས་སུ་བགྲོ་གླེང་ཞིབ་བསྡུར་གནང་བའི་མཐའ་དོན་བཅའ་ཁྲིམས་དོན་ཚན་ ༢༡ པར་སླར་ཡང་བསྐྱར་བཅོས་གནང་དོན། ༡) བཀའ་ཤག་ཏུ་བཀའ་བློན་ཁྲི་པ་གཅིག་དང་། བཀའ་བློན་བདུན་ལས་མ་མང་བ་ཞིག་དགོས་པ། བཀའ་བློན་ཁྲི་པའི་འོས་བསྡུའི་སྒྲིག་གཞི་གཞིར་བཟུང་བོད་ཀྱི་ཡུལ་མི་འོས་འཕེན་གྱི་ཐོབ་ཐང་དང་། རང་དབང་ཡོད་པ་རྣམས་ཀྱིས་སྤྱི་ཡོངས་འོས་བསྡུའི་ལམ་ནས་འོས་ཐོན་བྱུང་བ་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་བཀའ་བློན་ཁྲི་པར་བསྐོ་གཞག་བསྩལ་རྒྱུ། ༢) བཅའ་ཁྲིམས་དོན་ཚན་འདི་དག་གཞིར་བཟུང་བཀའ་བློན་ཁྲི་པའི་འོས་བསྡུ་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཞིབ་གསལ་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོར་སྙན་འབུལ་ཆོག་མཆན་ཞུས་རྗེས་རྩ་འཛིན་ལག་བསྟར་བྱ་རྒྱུ་བཅས་ལ་གཏན་འབེབས་ལྟར། བོད་མི་བཙན་བྱོལ་བ་མང་ཚོགས་ནས་སྤྱི་ཡོངས་ཐད་ཀར་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུ་ཐེངས་གཉིས་བྱས་ཏེ་སྤྱི་འཐུས་ཚོགས་ཟུར་ཟམ་གདོང་སྤྲུལ་སྐུ་བློ་བཟང་བསྟན་འཛིན་མཆོག་ལ་གྲངས་མང་གི་རྒྱལ་ཁ་ཐོབ་སྟབས། སྐབས་དང་པོ་དང་གཉིས་པའི་བཀའ་བློན་ཁྲི་པར་བསྐོ་གཞག་སྩལ་ཏེ་མཛད་ཁུར་བཞེས་མུས་ཡིན།
དེ་མཚུངས་སྐབས་བཅུ་གསུམ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། འོས་བསྡུའི་ལམ་ལུགས་གོང་གསལ་ལྟར་རང་འཇགས་ཐོག་འདེམས་ཐོན་གསལ་བསྒྲགས་བྱུང་བའི་ཆོལ་གསུམ་ཆོས་ལུགས་དང་། དེ་འབྲེལ་ཐད་བསྐོས་དང་བཅས་པའི་སྤྱི་འཐུས་རྣམས་ཕྱི་ལོ་ ༢༠༠༡ ཟླ་ ༦ ཚེས་ ༡ ཉིན་ལས་ཁུར་དམ་ཕུལ་གྱིས་ལས་སྒོར་ཞུགས།
སྤྱི་འཐུས་ལྷན་ཚོགས་རིམ་པའི་ནང་ལས་དོན་གསར་བརྩམས་ཁག་གི་མཇུག་སྐྱོང་དགོས་རིགས་དང་། འོས་བསྡུའི་སྒྲིག་གཞི་ཁག་གསར་སྒྲིག་ཐོག གཞན་ཡང་སྒྲིག་གཞི་རྙིང་པ་ཁག་ལ་དུས་བསྟུན་བསྐྱར་བཅོས་གཏན་འབེབས་གནང་། ཞིབ་ཆ་སྤྱི་འཐུས་འགན་དབང་ཁོངས་གསལ་ཡོད། དེ་མཚུངས་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། འོས་བསྡུའི་ལམ་ལུགས་གོང་གསལ་ལྟར་རང་འཇགས་ཐོག་འདེམས་ཐོན་གསལ་བསྒྲགས་བྱུང་བའི་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྤྱི་འཐུས་གྲངས་ ༤༣ ཕྱི་ལོ་ ༢༠༠༦ ཟླ་ ༥ ཚེས་ ༣༠ ཉིན་ལས་ཁུར་དམ་ཕུལ་གྱིས་ལས་སྒོར་ཞུགས། ཐེངས་འདིར་༸གོང་ས་ཆེན་པོས་ཐད་བསྐོས་སྤྱི་འཐུས་གསུམ་བསྐོ་གཞག་བསྩལ་མེད།

ཐོག་མ།


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགན་དབང་།

རྩ་ཁྲིམས་ལེའུ་དྲུག་པའི་དོན་ཚན་སོ་བརྒྱད་པར། ཁྲིམས་ལུགས་བཟོ་འགོད་གཏན་འབེབས་བྱ་རྒྱུའི་འགན་དབང་གསལ་ཡོད་པ་མ་ཟད། ༡༩༨༢ ཟླ་ ༡ ཚེས་ ༥ རྒྱུན་ལས་ཚོགས་འདུའི་སྒྲིག་གཞི་གཟིགས་མཆན་འབྱར་མའི་དགོངས་དོན་ལྟར་བོད་གཞུང་གི་གལ་ཆེའི་གནས་ཚུལ་ཚང་མ་བཀའ་བསྡུར་ཐག་གཅོད་གནང་ཡུལ་ཆེས་མཐོའི་རྒྱུན་ལས་ཚོགས་འདུ་དང་། ལོ་འཁོར་སྲི་ཞུ་ཚོགས་ཆེན། ལོ་འཁོར་དངུལ་རྩིས་ཚོགས་འདུ་སོགས་གཞི་རྒྱ་ཆེ་བའི་འཆར་འཕར་ཚོགས་འདུ་ཚང་མའི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་ཀྱི་ཚོགས་གཙོ་གཉིས་ནས་འགན་འཁུར་གཙོ་སྐྱོང་གནང་རྒྱུ།
ཚོགས་འདུ་འདི་རིགས་ཚང་མར་མཐའ་མའི་ཐག་གཅོད་ནི། རྩ་ཁྲིམས་དང་། ཚོགས་འདུའི་སྒྲིག་གཞི་དགོངས་དོན་ལྟར་ཚོགས་འདུ་བ་མང་ཆེ་བའི་དགོངས་འཆར་གཞི་རྩར་བཟུང་སྟེ་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་སྤྱི་འཐུས་རྣམས་ནས་མང་མོས་ཐག་གཅོད་གནང་རྒྱུ་ཡིན།
རྒྱུན་དུ་གཞུང་གི་ལས་ཁུངས་ཆེ་ཕྲ་མཐའ་དག་གི་ཆབ་སྲིད་དང་། འཛིན་སྐྱོང་གི་མཛད་ཕྱོགས་སྐོར་ལ་ཞིབ་འཇུག་དང་། དོགས་འདྲི་དགེ་སྐྱོན་ཡོ་བསྲང་སོགས་བྱེད་པའི་འགན་དབང་ཡང་ཡོད། གཞུང་གི་དགོངས་བཞེས་དང་། མཛད་བྱུས་སྐྱོང་ཕྱོགས་གང་ཅི་རྒྱ་ཆེའི་མང་ཚོགས་ནས་ཤེས་རྟོགས་ཆེད་སློབ་གསོ་དང་། དྲིལ་བསྒྲགས་བྱེད་རྒྱུ་མ་ཟད། བོད་མིའི་གནས་ཡུལ་ཚང་མར་ཡང་ཡང་འཚམས་འདྲི་དང་། སློབ་གསོ། གནས་སྟངས་ལ་ཞིབ་འཇུག་གིས་དགེ་སྐྱོན་ཡོ་བསྲང་དང་། ཕན་འཆར་ལམ་སྟོན་བྱ་རྒྱུ་དང་། ཡང་ས་གནས་སོ་སོའི་མི་མང་གི་བསམ་ཚུལ་འཆར་སྒོ་གང་ཡོད་དང་། ངལ་སེལ་དགོས་རིགས་རང་གཞུང་འབྲེལ་ཡོད་ལྷན་ཁང་སོ་སོར་དགོས་དོན་ངོ་སྤྲོད་དང་འབྲེལ་བའི་དཀའ་ངལ་སེལ་ཐབས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོར་ལས་བསྡོམས་༸སྙན་སེང་ཞུ་རྒྱུ།
རྩ་བའི་བོད་རང་དབང་རྩོད་ལེན་གྱི་ཆེད་དུ་ལས་འགུལ་སྣེ་མང་དགོས་རིགས་ལ་མང་ཚོགས་ཀྱི་བསམ་ཚུལ་གཞི་རྩར་བཟུང་སྟེ་སྣེ་འཁྲིད་ཞུ་རྒྱུ་སོགས་ཡིན།
སྐབས་བཅུ་གཅིག་ནས་བཟུང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་འདི་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་སུ་སྒྱུར་བཀོད་མཛད་པ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་གཙོས་སྒྲིག་གཞི་ཁྲིམས་མཐུན་གཏན་འབེབས་ཟིན་པ་ཁག་ནི།
༡༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས།

༢༽ བཙན་བྱོལ་བོད་གཞུང་བཀའ་ཤག་གི་འཛིན་སྐྱོང་སྒྲིག་གཞི།

༣༽ གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི།

༤༽ ལས་ཤག་དང་བགྲེས་ཤག་བགོ་འགྲེམས་ཀྱི་སྒྲིག་གཞི།

༥༽ གཞུང་ཞབས་ལས་དོན་གཟེངས་ཐོན་རྣམ་པར་གཟེངས་རྟགས་འབུལ་ཕྱོགས་ཀྱི་སྒྲིག་གཞི།

༦༽ བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི།

༧༽ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི།

༨༽ བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི།

༩༽ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་ཀྱི་སྒྲིག་གཞི།

༡༠༽ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཁང་པའི་སྒྲིག་གཞི།

༡༡༽ བོད་མི་མང་སྤྱི་འཐུས་ཚོགས་གཙོའི་ངལ་སེལ་ཐེབས་རྩའི་སྒྲིག་གཞི།

༡༢༽ གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི།

༡༣༽ དང་བླངས་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་འབབ་ཀྱི་སྒྲིག་གཞི།

༡༤༽ བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ཚོགས་ཆུང་གི་སྒྲིག་གཞི།

༡༥༽ རྩིས་ཞིབ་ལས་ཁང་གི་སྒྲིག་གཞི།

༡༦༽ བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་ཁོངས།

  • ཀ༽ འོས་བསྡུ་ལས་ཁང་དང་།འོས་བསྡུའི་ལས་རིམ།
  • ཁ༽ ས་གནས་འོས་བསྡུ་ལས་ཁང་དང་། འོས་བསྡུའི་ལས་རིམ།
  • ག༽ བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ།
  • ང༽ སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཙོ་གཞོན་པའི་འོས་བསྡུ།
  • ཅ༽ བཀའ་བློན་ཁྲི་པའི་འོས་བསྡུ།
  • ཆ༽ ས་གནས་འཐུས་མིི་ཚོགས་འདུའི་འོས་བསྡུ།
  • ཇ༽ ས་གནས་འགོ་འཛིན་དང་འགོ་འཛིན་ལས་རོགས་ཀྱི་འོས་བསྡུ།

༡༧༽ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་ཀྱི་ཐོབ་ཐང་སྒྲིག་གཞི།

༡༨༽ བོད་མི་མང་སྤྱི་འཐུས་རྣམས་ཀྱི་ཐོབ་ཐང་སྒྲིག་གཞི།

༡༩༽ བཀའ་བློན་རྣམས་ཀྱི་ཐོབ་ཐང་སྒྲིག་གཞི།

༢༠༽ འོས་བསྡུའི་སྤྱི་ཁྱབ་འགན་འཛིན་གྱི་ཐོབ་ཐང་སྒྲིག་གཞི།

༢༡༽ གཞུང་ཞབས་འདེམས་བསྐོའི་ཚོགས་གཙོའི་ཐོབ་ཐང་སྒྲིག་གཞི།

༢༢༽ རྩིས་ཞིབ་ལས་ཁང་འགན་འཛིན་གྱི་ཐོབ་ཐང་སྒྲིག་གཞི།

༢༣༽ ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་སྒྲིག་གཞི་བཅས་གོང་གསལ་འོས་བསྡུའི་ནང་གསེས་སྒྲིག་གཞི་ཁག་བསྣན་ཏེ་བསྡོམས་སྒྲིག་གཞི་རྣམ་གྲངས་ ༣༠ ཁྲིམས་ལུགས་ལྟར་གཏན་འབེབས་ཐོག་ཁྲིམས་སྒྲིག་གཏན་འབེབས་ཟིན་ཁག་ལ་དུས་བསྟུན་ལེགས་ཆའི་བསྐྱར་བཅོས་སྣོན་འཕྲི་རིམ་གནང་གིས་ཁྲིམས་ཀྱིས་དབང་བསྒྱུར་དུ་གནས་ཡོད།

ཐོག་མ་།


མང་་གཙོའི་གཞུང་གི་ངོ་བོ་དང་། ཁྱད་ཆོས།

བོད་མིའི་ཆབ་སྲིད་ཀྱི་རང་བཞིན་ནམ་ངོ་བོ་ནི། བཅའ་ཁྲིམས་ནང་གསལ་བ་ལྟར། མ་འོངས་བོད་ཀྱི་ཆབ་སྲིད་ནི་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་བའི་ཐོག རང་དབང་དང་། སྤྱི་ཚོགས་བདེ་དོན། ཆོས་སྲིད་ཟུང་འབྲེལ། མང་གཙོ་མཉམ་འབྲེལ། ཡུལ་མིའི་རྒྱལ་ཁབ་ཅིག་ཏུ་བྱ་རྒྱུ་ཡིན་གཤིས། བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱ་རྒྱུ། མང་གཙོ་ནི། འགྲེལ་ཚུལ་མི་འདྲ་བ་མང་ཡང་སྙིང་པོ་མི་མང་གི་དངོས་སམ་བརྒྱུད་པའི་སྒོ་ནས་འཛིན་སྐྱོང་བྱེད་པ་གང་ཞིག་ལ་བསྒྲུབ་བྱ་གང་ཅི་མི་མང་གི་འདོད་མོས་ལྟར་སྒྲུབ་སྐྱོང་བྱེད་པའི་གཞུང་ཞིག་དགོས་ཤིང་། ལྷག་པར་གསུམ་བཅུའི་དུས་དྲན་ཐེངས་བདུན་པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྩལ་བའི་བཀའ་སློབ་ཏུ། གཞུང་ཞེས་པ་ཆགས་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། ང་རང་ཚོ་མིའི་སྤྱི་ཚོགས་ཤིག་ཆགས་ཡོང་བ་དང་དུས་མཚུངས་མི་སྒེར་སོ་སོས་འབད་བརྩོན་གྱིས་སྒྲུབ་ཐུབ་པའི་གནས་ཚུལ་ཞིག་དང་། མི་སྒེར་སོ་སོས་སྒྲུབ་མ་ཐུབ་པར་མི་མང་སྤྱིའི་ནུས་ཤུགས་གཅིག་བསྒྲིལ་ཐོག་ནས་སྒྲུབ་དགོས་པའི་གནས་ཚུལ་ཞིག་བཅས་རིགས་གཉིས་ཡོང་གི་ཡོད་ཅིང་། གཙོ་བོ་མི་ཕན་ཚུན་གྱི་ནུས་པ་སྦྲེལ་ཏེ་སྒྲུབ་དགོས་པའི་གནས་ཚུལ་དེ་གཞི་ལ་བཞག་ནས་མཉམ་རུབ་ཀྱིས་ནུས་ཤུགས་འདོན་པའི་སྤྱིའི་སྒྲིག་འཛུགས་མཐོ་ཤོས་ཤིག་དགོས་པ་དེ་ལ་བརྟེན་ནས་གཞུང་ཞེས་པ་འདི་ཆགས་པ་ཡིན་འདུག དེས་ན་སྤྱི་སྒེར་ཚང་མའི་བདེ་སྡུག་གནས་སའི་སྤྱིའི་སྒྲིག་འཛུགས་ཀྱི་ནུས་པ་ཆེ་ཤོས་དེ་གཞུང་ཡིན་དགོས་པ་དང་། མི་མང་ནས་གཞུང་གི་ངོ་བོ་གསལ་པོ་ཤེས་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། གཞུང་གི་རྩ་དོན་ནི། བཅའ་ཁྲིམས་དགོངས་དོན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང་དང་། དཔལ་འབྱོར། སྤྱི་ཚོགས། རིག་གཞུང་གི་ཐོབ་ཐང་། ཡུལ་མི་དང་། སྲིད་དོན་གྱི་ཐོབ་ཐང་བཅས་ལ་བརྩི་སྲུང་བྱེད་པ་དང་། འཛམ་གླིང་ཡུལ་ལུང་གཞན་ཁག་ནས་ཀྱང་བརྩི་སྲུང་ཡོང་ཐབས། ལྷག་པར་དུ་བོད་དོན་བདེན་མཐའ་གསལ་ཐབས་དང་། བོད་མི་ཡོངས་ཀྱི་བསམ་སྤྱོད་དང་དངོས་པོའི་ཁེ་ཕན་ཡར་རྒྱས་གཏོང་ཐབས་ལས་འགན་བསྒྲུབ་རྒྱུ། སྐབས་འདིར་རང་རེ་བོད་གཞུང་གི་ངོ་བོ་ཇི་འདྲ་ཞིག་ཡིན་པའི་སྐོར་གསལ་བཤད་ཅུང་ཟད་བྱས་ན། ང་རང་ཚོའི་གཞུང་འདི་ཆོས་སྲིད་གཉིས་ལྡན་གྱི་གཞུང་ཞིག་ཡིན་ལ། མི་མང་མང་གཙོའི་གཞུང་ཞིག་ཀྱང་ཡིན། ཚིག་གཞན་ནས་བཤད་ན། རང་རེའི་གཞུང་འདི་རྒྱལ་པོའི་གཞུང་ཡང་མིན་ཅིང་། སྒེར་པ་མི་བརྒྱུད་ནས་འཛིན་པའི་གཞུང་ཡང་མིན། བླ་མ་ཁྲི་རབས་ནས་འཛིན་པའི་གཞུང་ཡང་མ་ཡིན། འདི་ནི་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་བོད་མི་སེར་སྐྱ་གཅིག་བསྒྲིལ་གྱི་རང་དབང་མང་གཙོའི་མི་མང་སྤྱི་གཞུང་ཞིག་ཡིན། བོད་མང་གཙོའི་གཞུང་གི་བསམ་རྒྱུ་ལ་བོད་མི་མང་དང་། སྒྲུབ་རྒྱུ་ལ་བོད་སྤྱི་དོན་ཁོ་ན་མ་གཏོཌ་མེད་ཅེས་ཕེབས་པ་ལྟར་ཡིན་ཅིང་། མང་གཙོ་ཡིན་ལ་གཅིག་སྡུད་ཀྱང་ཡིན་ཟེར་བ་རྒྱ་དམར་གྱི་ལམ་ལཌ་ལྟ་བུའི་ཐོག་ནས་འགུལ་བསྐྱོད་དང་། རང་དབང་རྩ་བ་ནས་མེད་པར་ཏང་གཞུང་གིས་བཀའ་བཀོད་གང་བཏང་དེ་སྒྲུབ་པ་དང་། དམ་དྲག་འཇིཌ་དངངས་ཁོ་ནའི་ངང་དུ་སྡོད་དགོས་པའི་མང་གཙོ་དེ་འདྲ་མིན་པར། ང་ཚོར་གཏམ་བརྗོད་དང་། འདུ་ཚོགས། སྐྱིད་སྡུག་ཚོགས་པ་འཛུགས་པ། འགྲོ་བསྐྱོད། ཉོ་ཚོང་། ཚགས་དཔར་དང་། བརྙན་དེབ། རྒྱང་བསྒྲགས་ཉན་ཀློོག གདམ་བྱ་འདེམས་བྱེད་སོགས་དང་། ལྷག་པར་གཞུང་གི་འཕྲལ་ཕུགས་ཆབ་སྲིད་མཛད་བྱུས་སྐྱོང་ཕྱོགས་གང་ཅིར་དོ་སྣང་དང་འབྲེལ་དགེ་སྐྱོན་བསམ་འཆར་བརྗོད་ཆོག་པ་སོགས་དེང་དུས་རྒྱལ་སྤྱིའི་ནང་གི་མང་གཙོ་དང་མཐུན་ཞིང་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་ལོངས་སུ་སྤྱོད་ཆོག་པ་ཡོད། འདི་ལྟ་བུའི་གཞུང་དེ་ལ་རྒྱ་ཆེའི་མང་ཚོགས་ནས་ངམ་ངམ་ཤུགས་ཀྱིས་དགའ་མོས་ཡོང་བ་ནི་ཆོས་ཉིད་ཡིན་པ་ལྟར་ཡིད་ཆེས་རྒྱབ་སྐྱོར་བརྩི་བཀུར་དང་འབྲེལ་གཞུང་མང་ནུས་ཤུགས་གཅིག་བསྒྲིལ་གྱིས་འབད་རྩོལ་བྱས་པ་ལ་བརྟེན། དེང་དུས་འཛམ་གླིང་ནང་བཙན་བྱོལ་བ་ཇི་སྙེད་ཅིག་ཡོད་པའི་ནང་ནས་བོད་མི་བཙན་བྱོལ་བ་ཞེས་གཞན་དང་མི་འདྲ་ཞིང་། མ་འོངས་རང་ཡུལ་སླར་གསོའི་ཆ་རྐྱེན་ཆེ་ཕྲ་མཐའ་དག་སྲུང་སྐྱོབ་བདག་གཅེས་དང་། གོང་འཕེལ་གཏོང་ཐུབ་པ་འདི་ལྟ་བུ་བྱུང་ཡོད།
དེ་བཞིན་སྤྱི་ཚོགས་རྙིང་པའི་ལམ་སྲོལ་སྐྱོན་ཆ་ཡོད་རིགས་ཡོངས་སུ་དོར་ཟིན་པ་བཞིན་གཞུང་གི་སྲི་ཞུའི་ལས་བྱེད་པའི་ཁོངས་སུ་མི་མང་ནས་འདེམས་བསྐོ་བྱས་པའི་སྤྱི་འཐུས་ཁོངས་ནས་ཀྱང་ལས་བྱེད་ཁོངས་སུ་ཐད་ཀར་བསྐོ་འཇུག་ཆོག་པ། དཔེར་ན། སྤྱི་འཐུས་སྐབས་དང་པོའི་ཁོངས་ནས་དབུས་གཙང་སྤྱི་འཐུས་གཏམ་ཤུལ་བདེ་གྲོང་དབང་འདུད་རྡོ་རྗེ་ནང་སྲིད་བཀའ་བློན། སྐབས་གཉིས་པའི་ཁོངས་ནས་མདོ་སྟོད་སྤྱི་འཐུས་ལི་ཐང་ལྗང་ཚ་ཚང་ཚེ་རིང་མགོན་པོ་ཤེས་རིག་བཀའ་བློན། སྐབས་གསུམ་པའི་ཁོངས་ནས་འཕྱོང་རྒྱས་མཁར་གཙང་ཆུ་འཁོར་སྐལ་བཟང་དགྲ་འདུལ་བལ་ཡུལ་སྐུ་ཚབ་དོན་གཅོད། ས་སྐྱའི་སྤྱི་འཐུས་བྱེ་གཞོང་ཚེ་དབང་རྟ་མགྲིན་ནང་སྲིད་བཀའ་བློན་ལས་འཕར། རྙིང་མའི་སྤྱི་འཐུས་སྟག་ལུང་གཟིམ་སྤྱི་ཉི་མ་བཟང་པོ་དཔལ་འབྱོར་དྲུང་ཆེ། སྐབས་ལྔ་པའི་ཁོངས་ནས་མདོ་སྟོད་སྤྱི་འཐུས་སྡེ་དགེ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་དྲིལ་བསྒྲགས་བཀའ་བློན་དང་། དབུས་གཙང་སྤྱི་འཐུས་གཞིས་རྩེ་རི་ཁ་བློ་བཟང་བསྟན་འཛིན་ཤེས་རིག་དྲུང་ཆེ། སྐབས་དྲུག་པའི་ཁོངས་དབུས་གཙང་སྤྱི་འཐུས་གྲ་ཕྱི་ཕུན་རབ་པ་བློ་བཟང་དར་རྒྱས་དཔལ་འབྱོར་དྲུང་ཆེ་དང་། མདོ་སྨད་སྤྱི་འཐུས་ཨ་ལགས་འཇིགས་མེད་ལྷུན་གྲུབ་རྩིས་ཞིབ་དྲུང་ཆེ། སྐབས་བདུན་པའི་སྤྱི་འཐུས་ཁོངས་ནས་མདོ་སྟོད་སྤྱི་འཐུས་ཉག་རོང་རྒྱ་རི་སྤྲུལ་སྐུ་བློ་གྲོས་རྒྱལ་མཚན་དྲིལ་བསྒྲགས་དྲུང་ཆེ་ལས་འཕར་དང་། དབུས་གཙང་སྤྱི་འཐུས་ཀ་ལ་དགོན་ཤར་རྡོ་རྗེ་དགྲ་འདུལ་དྲུང་ཆེ་ལས་རོགས་ཐོག་ལས་བྱེད་བདག་གཉེར་ཁང་གི་འགན་འཛིན་དང་། དབུས་གཙང་སྤྱི་འཐུས་སྐྱིད་གྲོང་དངོས་གྲུབ་ཚེ་རིང་ཤེས་རིག་ལྷན་ཁང་གི་དྲུང་གཞོན། དགེ་ལུགས་སྤྱི་འཐུས་བསམ་གཞུང་སྐལ་བཟང་ཡེ་ཤེས་ཆོས་དོན་ལྷན་ཁང་གི་དྲུང་གཞོན། མདོ་སྨད་སྤྱི་འཐུས་བདེ་སྐྱིད་སྒྲོལ་དཀར་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་དྲུང་གཞོན་བཅས་བསྐོ་གཞག་སྩལ་ཡོད་པ་རེད། རྩ་བའི་བོད་གཞུང་གི་ལས་བྱེད་རྣམས་རིགས་རུས་ཕོ་མོའི་དབྱེ་བ་མེད་པར་ཆ་རྐྱེན་ཚང་མིན་རྒྱུགས་བཞེས་ཀྱིས་བསྐོ་གཞག་སྩལ་མུས་ལྟར། དེང་སྐབས་བརྒྱ་ཆ་དགུ་བཅུ་གོ་ལྔ་ཤེས་ཡོན་སློབ་སྦྱོང་ཐོན་པའི་ན་གཞོན་ཕོ་མོ་ཞེ་གཅིག་ཡིན་པ་མ་ཟད། དེ་ཡང་ལས་འགན་ཐེམ་པ་རིམ་འཛེགས་ཀྱིས་བཀའ་བློན་དང་། སྲིད་བློན་བར་ཕྱིན་ཆོག་པའི་ཐོབ་ཐང་ཡོད་པ་སོགས་ཁྱད་ཆོས་དང་། དགེ་མཚན་ལྷག་པར་ཆེ་བ་ཡོད། དེ་འབྲེལ་འོས་བསྡུའི་ལམ་ནས་སྤྱི་འཐུས་ཚོགས་ཟུར་ཟམ་གདོང་བློ་བཟང་བསྟན་འཛིན་བཀའ་བློན་ཁྲི་པ་དང་། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་ཟུར་པ་ཐུབ་བསྟན་ལུང་རིགས་བཀའ་བློན། སྤྱི་ཟུར་བློ་བཟང་སྙན་གྲགས་བཀའ་བློན། སྤྱི་འཐུས་ཚེ་རིང་ཕུན་ཚོགས་བཀའ་བློན་བཅས་ལ་འདེམས་ཐོན་བྱུང་ཡོད། དེ་བཞིན་སྤྱི་འཐུས་ཚོགས་གཞོན་ཟུར་པ་བྱ་དུར་བཟང་པོ་ཁྲིམས་ཞིབ་པ་དང་། ཁྲིམས་ཞིབ་པ་ཆེ་བར་༸གོང་ས་ཆེན་པོས་མིང་འདོན་མཛད་པ་བཞིན་སྤྱི་འཐུས་ལྷན་ཚོགས་ནས་མོས་མཐུན་གཏན་འབེབས་ཞུས་ཡོད།
ང་ཚོ་མི་ཡུལ་ས་མཐར་བཙན་བྱོལ་བའི་གནས་སྐབས་སུ་རླབས་ཆེའི་བྱ་བ་བཟང་པོ་འདི་འདྲ་སྒྲུབ་ཐུབ་པ་ནི། གཙོ་བོ་ང་ཚོར་བླ་ན་མེད་པའི་དབུ་འཁྲིད་བཟང་པོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ལྟ་བུ་ཡོད་པ་དང་། ༸གོང་ས་མཆོག་ནས་ཞི་བདེ་དང་དྲང་བདེན་ཡང་དག་གི་རླབས་ཆེའི་མཛད་བྱུས་བཟང་པོའི་འོག་བསམ་བློའི་ལམ་ཕྱོགས་སྟོན་མཁན་གྱི་སྒྲིག་འཛུགས་སམ། གཞུང་འདི་འདྲ་ཞིག་ཡོད་པ། དེ་ལ་རྒྱ་ཆེའི་མང་ཚོགས་ནས་དགའ་མོས་དང་། ཡིད་ཆེས། རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུས་པ་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས་ན། མ་འོངས་པར་ཡང་དོན་ངོ་མའི་སྤྲོ་སྐྱིད་དང་ལྡན་ཞིང་། བོད་མི་མང་གི་འདོད་བློ་ཡོངས་སུ་ཁེངས་པའི་བདེ་སྐྱིད་ཀྱི་མདུན་ལམ་ཤར་རྒྱུ་ནི་ངེས་པ་ཡིན། བར་བརྒལ་གྱི་དུས་ཤིག་ན་ང་ཚོ་གཞིས་བྱེས་བོད་རྒྱ་ཆེའི་མང་ཚོགས་ལ་བོད་ཀྱི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ཁྲག་དང་། མིག་ཆུའི་རྒྱུན་མ་ཆད་པའི་དཀའ་སྡུག་ཁོ་ནའི་འོག་ནས་གང་ཅིའི་ཉམས་མྱོང་མང་པོ་བྱུང་བ་དང་། དེ་བཞིན་འཛམ་གླིང་གི་གནས་ཚུལ་ཧ་ཅང་མང་པོ་མཐོང་ཐོས་ཤེས་རྟོགས་རྒྱ་ཆེ་བྱུང་ཡོད་གཤིས། ད་ཆ་རང་གི་རྒྱལ་ཁབ་རང་དབང་སྔ་སོར་འཆུད་ཐབས་དང་། རྒྱ་ཆེའི་གཞིས་ལུས་མང་ཚོགས་རྣམས་བཟོད་དཀའི་སྡུག་བསྔལ་ལས་གྲོལ་བའི་ཆེད་དུ་མདུན་ནས་མདུན་དུ་བསྐྱོད་རྒྱུ་ལས། ཞུམ་པ་དང་། སྒྱིད་ལུག ཕྱི་བཤིག་ནམ་ཡང་བྱ་ཐབས་མེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསུམ་བཅུའི་དུས་དྲན་ཐེངས་བརྒྱད་པར་སྩལ་བའི་བཀའ་སློབ་ཏུ། ཚང་མས་ཤེས་གསལ་ཕྱོགས་གང་ས་ནས་བསྒྱུར་བཅོས་མང་པོ་ཞིག་སོང་ཡོད་དེ། དགོས་ངེས་དང་། དུས་ཚོད་རན་པའི་བསྒྱུར་བཅོས་སྐབས་སུ་བབས་པ་དང་། བྱེད་དགོས་པ་ཚང་མ་བྱས་ཡོད། ད་དུང་ཡང་དུས་ཚོད་དང་བསྟུན་གྱིན་བསྟུན་གྱིན་བསྒྱུར་བཅོས་བྱ་རྒྱུར་བརྒྱ་ཆ་བརྒྱ་ཐམ་པ་དགའ་བསུ་དང་འབྲེལ་བའི་དགའ་བཞིན་སྤྲོ་བཞིན་དུ་བསྒྱུར་བཅོས་གཏོང་རྒྱུ་ཡིན། ཕྱིན་ཆད་བོད་རྒྱལ་ཁབ་རང་དབང་བྱུང་བའི་མཚམས་དེར་མ་འོངས་པའི་བོད་ཀྱི་འགྲོ་ལུགས་ཐད། བོད་ནང་ཡོད་པའི་རང་རིགས་རྒྱ་ཆེའི་མི་མང་ཚོས་ཐག་གཅོད་བྱེད་དགོས་ཞེས་ཕེབས་པ་ལྟར། གཞུང་སྲིད་སྐྱོང་སྟངས་དང་། སྤྱི་ཚོགས་ལམ་སྲོལ་འགྲོ་ལུགས་གང་འདྲ་ཞིག་བྱེད་མིན་གཞིས་ལུས་བོད་རྒྱ་ཆེའི་མི་མང་གི་འདོད་མོས་གཙོ་བཟུང་གིས་གང་དགའ་ཅི་ལེགས་ཞིབ་ཆའི་གྲོས་མོལ་དང་བསྟུན་རྒྱ་ཆེ་གུ་ཡངས་ཀྱིས་གཞིས་བྱེས་མཉམ་འཛོམས་རང་དབང་ལེགས་ཆའི་ལམ་དུ་བསྐྱོད་དགོས་པ་ནི། གཏན་འཁེལ་ཐག་ཆོད་པའི་མཛད་ཕྱོགས་ཤིག་ཡིན་ན། རང་རིགས་ཚང་མ་རྒྱ་དམར་གྱི་གཡོ་སྒྱུ་དང་། བསླུ་བྱེད་ལ་མགོ་བོ་མ་རྨོངས་པར་གཞིས་བྱེས་ལག་གདངས་དཔུང་བསྒྲིགས་ཀྱིས་ང་ཚོར་ཐོབ་ཐང་ཆ་ཚང་ཡོད་པའི་བོད་རང་དབང་རང་བཙན་སྒྲུབ་པའི་འབད་བརྩོན་མཐའ་གཅིག་ཏུ་གནང་དགོས་ཞེས་ད་ལམ་གོ་སྐབས་འདི་བརྒྱུད་ནས་འབོད་བསྐུལ་ཞུ་རྒྱུ་དང་། བོད་ཆོས་སྲིད་གཉིས་ལྡན་མང་གཙོའི་གཞུང་དབུ་བརྙེས་ཏེ་ལོ་གྲངས་བཞི་བཅུ་ཞེ་བརྒྱད་རིང་ཆོས་སྲིད་གཉིས་ལྡན་མང་གཙོའི་སྲོལ་ལུགས་ཇི་ལྟར་གཏོད་པར་མཛད་པ་དང་། མང་གཙོའི་ཁེ་དབང་། གནས་དུས་བབས་བསྟུན་ད་བར་ཕྱག་ལེན་རིམ་པར་བསྟར་སྟངས་དངོས་བྱུང་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་ཆེད་བརྗོད་ཀྱི་ཚུལ་དུ་བཀོད་པ་བཅས།

བོད་མི་མང་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ནས་ ༢༠༠༨ ཟླ་ཚེས་ལ།

ཐོག་མ་།


བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་པ་ནས་བཅུ་བཞི་བར་ལས་དོན་གལ་ཆེ་ཁག

༄༅། ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་རྒྱལ་གཅེས་བོད་མི་མང་པོས་སྒེར་ལངས་ཞི་རྒོལ་བྱས་པར་རྒྱ་དམར་གྱིས་དྲག་པོའི་ཁྲིམས་གཞི་བསྡམས་ཏེ་བོད་མི་མང་པོའི་རྩ་ཆེའི་ཚེ་སྲོག་ཤོར་བ་དང་། ཉེས་མེད་བོད་མི་བརྒྱ་ཕྲག་མང་པོར་ཉེས་མིང་སྣ་ཚོགས་ཁག་འདོགས་ཀྱིས་ཁྲིམས་གཅོད་མི་བཟོད་པ་མྱངས་དང་མྱོང་བ། འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་བཏང་བ་སོགས་རང་དབང་མང་གཙོར་དགའ་བའི་འཛམ་གླིང་མང་ཚོགས་ཀྱི་ཤེས་རྟོགས་འགྱུར་ཐབས་དང་། གོང་གསལ་བོད་མི་འདས་སོན་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་རྒྱབ་སྐྱོར་མཚོན་ཆེད་དུ་རྒྱ་གར་རྒྱལ་ས་ལྡི་ལི་སོགས་ལ་ཞི་བའི་ངོ་རྒོལ་རྔམ་སྟོན་གྱིས་མཚོན་ཆབ་སྲིད་ལས་འགུལ་སྤེལ་རིགས་ལ་སྣེ་ཁྲིད་ཀྱིས་མཉམ་ཞུགས་གནང་། བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འགན་ཁུར་ཐོག་རྡ་སར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་དང་པོ་ཚུགས། དེ་ལོར་ཀུན་བཟང་བླ་མའི་རྩོད་རྙོག་ཐག་གཅོད་བྱ་རྒྱུས་མཚོན་སྤྱི་ཚོགས་ནང་ཞི་བདེ་ལྷིང་འཇགས་ཡོང་ཐབས་འབད་བརྩོན་གནང་།

སྤྱི་འཐུས་སྐབས་བཅུ་གཅིག་པ།
༄༅། སྤྱི་འཐུས་ལྷན་ཁང་གི་གཙོ་སྐྱོང་འོག་བཞུགས་སྒར་རྡ་རམ་ས་ལར་ཧི་མ་ཅལ་མངའ་ཁོངས་ས་གནས་ཁག་བརྒྱད་ཀྱི་འཕགས་བོད་མཛའ་འབྲེལ་ཚོགས་པའི་དམིགས་བསལ་ཚོགས་ཆེན་དང་། དེ་འབྲེལ་རྒྱ་གར་གྱི་བློན་ཆེན་ཟུར་པ་དང་། ཕྱི་འབྲེལ་དྲུང་ཆེ་ཟུར་པ་ཁག་ཅིག་ གྲོས་ཚོགས་ཀྱི་འཐུས་མི། ཆབ་སྲིད་མཁས་པ། གསར་ཤོག་ཆེ་ཁག་གི་རྩོམ་སྒྲིག་པ། གཙུག་ལག་མཐོ་སློབ་ཁག་གི་མཁས་པ་བཅས་གནད་ཡོད་མི་སྣ་བདུན་ཅུ་བརྒལ་བའི་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་རྒྱས་འཛོམས་བཅས་བཞུགས་སྒར་རྡ་རམ་ས་ལར་བསྐྱངས་པ་དང་། ལྡི་ལིར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀའི་རིས་མེད་སྲིད་དོན་ཚོགས་པའི་འཐུས་མིའི་ཁོངས་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས། ལྡི་ལིར་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་གཉིས་པ་ཚུགས་པ། ལྡི་ལིར་འཛམ་གླིང་ཡུལ་ཁག་གི་གྲོས་ཚོགས་འཐུས་མིའི་བོད་དོན་ལྷན་ཚོགས་དང་པོ། ལྡི་ལི་ཁུལ་གཙུག་ལག་སློབ་གཉེར་ཁག་ནང་བོད་དོན་སྐོར་བགྲོ་གླེང་ཚོགས་འདུ་གོ་སྒྲིག་ཞུས་པ་བཅས་ཀྱི་དུས་སྐབས་མང་ཆེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞབས་སོར་བཀྲིན་བསྐྱངས་པ་མ་ཟད། སྤྱི་འཐུས་ལྷན་ཚོགས་དང་། འཛིན་སྐྱོང་ནས་སྐུ་ཚབ་ཆེད་ཕེབས་ཚོགས་ཞུགས་ཀྱིས་བོད་དོན་སྐོར་འགྲེལ་བཤད་གཏིང་ཟབ་ཞིབ་ནན་གནང་བས་མཚོན་གནས་ཡུལ་རྒྱ་གར་གཞུང་མང་གཉིས་ཕྱོགས་ནས་བོད་དོན་བདེན་པའི་གནས་ལུགས་ཤེས་ཤིང་དོན་དམ་སྙིང་ཐག་པ་ནས་རྒྱབ་སྐྱོར་བཅོས་མེད་འབྱུང་ཐབས་སུ་དམིགས་བསལ་ཤུགས་གནོན་ཆེ་བསྐྱེད་གནང་བ་ཞིག་རེད། དེ་བཞིན་ཕྱི་རྒྱལ་སུད་སི་དང་། འཇར་མན། ནོར་ཝེ། ཨ་རི་སོགས་སུ་འགྲོ་བ་མིའི་ཐོབ་ཐང་སོགས་དང་འབྲེལ་བའི་ཚོགས་འདུ་ཁག་མང་པོར་སྐུ་ཚབ་ཆེད་གཉེར་ཚོགས་ཞུགས་ཐུབ་པ་མ་ཟད། ལི་ཐུ་ནི་ཡར་འཛམ་གླིང་ཡུལ་ཁག་གི་གྲོས་ཚོགས་འཐུས་མིའི་བོད་དོན་ལྷན་ཚོགས་ཐེངས་གཉིས་པ་ཚུགས་པ་སོགས་ཕྱི་འབྲེལ་གྱི་ལས་དོན་ལའང་ཤུགས་གནོན་རྒྱ་བསྐྱེད་ཐུབ་པ་བྱུང་ཡོད།

སྤྱི་འཐུས་སྐབས་བཅུ་གཉིས་པ།
བོད་དང་ཐེ་ཝན་དབར་གྱི་འབྲེལ་ལམ་སྐོར་གྲོས་ཆོད།
སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༡༩༩༣ ཟླ་ ༡ ཚེས་ ༢༢ དང་། ༡༩༩༤ ཟླ་ ༡ ཚེས ་༧ དང་དེ་ནས་ཚེས་ ༢༡ དང་ ༢༨ སོ་སོར་གྲོས་ཆོད་སྔ་རྗེས་བཞག་པའི་འབྲུ་དོན་རྣམས་བཙན་བྱོལ་བོད་གཞུང་གི་ཕྱག་ལེན་བསྟར་མུས་སུ། ཐེ་ཝན་གཞུང་གི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་བྱུང་རྐྱེན། སྤྱི་འཐུས་རྒྱུན་ལས་ཀྱིས་ ༡༩༩༧ ཟླ་ ༡ ཚེས་ ༢༢ ལ་བགྲོ་གླེང་གྲོས་ཆོད་སྙན་ཕུལ་ཞུས་དོན་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གོང་གསལ་ཕྱི་ཟླ་ ༣ པའི་ནང་ཐེ་ཝན་དུ་འཚམས་གཟིགས་ལ་ཞབས་སོར་བཀོད་དེ་ནང་པ་གཅིག་གྱུར་རྒྱ་རིགས་ཁྲི་ཚོ་མང་པོས་གང་གི་མཚན་དཔེའི་དཀྱིལ་འཁོར་མཇལ་ཞིང་། ཆོས་འབྲེལ་གྱི་བསྐལ་བཟང་གོ་སྐབས་བླ་མེད་བྱུང་བ་དང་། དེ་རྗེས་ཐེ་ཝན་དུ་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཟུར་འཛུགས་ཀྱིས་ཆོས་རིག་གཙོ་གྱུར་ཆབ་སྲིད་ཀྱི་འབྲེལ་ལམ་སྲ་བརྟན་དམ་ཟབ་ཏུ་གྱུར།

བོད་དང་རྒྱ་ནག་དབར་གྱི་འབྲེལ་ལམ་སྐོར་གྲོས་ཆོད།
བོད་རྒྱའི་དབར་འབྲེལ་ལམ་གནང་ཕྱོགས་ཐད་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་ ༡༩༩༢ ཟླ་ ༡ ཚེས་ ༢༢ ལ་སྤྱི་མོས་གྲོས་ཆོད་དོན་ཚན་བཞི་ཅན་ཞིག་གཏན་འབེབས་ལྟར་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ལངས་ཕྱོགས་དེ་དོན་གཞིར་བཟུང་རྩ་འཛིན་ལག་བསྟར་གནང་མུས་དེ་ལྟར་ཡང་། ད་ཆ་རྒྱལ་སྤྱིའི་ནང་ཆབ་སྲིད་གནས་སྟངས་སྤྱི་དང་། ལྷག་པར་རྒྱ་ནག་ནང་སྲིད་དོན་དང་། དཔལ་འབྱོར། འགོ་ཁྲིད་བཅས་འཕོ་འགྱུར་སོགས་ཀྱི་གནས་སྟངས་དང་བསྟུན་གོང་གསལ་གྲོས་ཆོད་ལ་བསྐྱར་ཞིབ་གནང་གལ་གཟིགས་ཤིང་། ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༢༣ འཁོད་སྐབས་བཅུ་གཉིས་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་གྲོས་ཆོད་དོན་ཚན་གསུམ་ཡོད་པ་ཞིག་གཏན་འབེབས་གནང་དོན། དེ་སྔོན་གྱི་གྲོས་ཆོད་ནང་གསལ་ལ་གཞིགས་ན་བོད་རྒྱའི་དཀའ་རྙོག་སེལ་ཕྱོགས་སྔོན་འགྲོའི་ཆ་རྐྱེན་མེད་པར་ཞི་མོལ་འགོ་འཛུགས་བྱ་རྒྱུར་རྒྱ་ཕྱོགས་ནས་ཚུར་འབྲེལ་བྱུང་ན་ལས།རྒྱ་ཕྱོགས་ལ་ཕར་འབྲེལ་སྣེ་མཐུད་གྲོས་མོལ་མ་དགོས་ཞེས་གསལ་ཡོད་ཀྱང་། ད་ཆ་རྒྱལ་སྤྱིའི་ནང་ཁྱོན་ཡོངས་ཀྱི་ཆབ་སྲིད་གནས་སྟངས་ལ་ཉམས་ཞིབ་ཟབ་ནན་གྱིས་སྔོན་འགྲོའི་ཆ་རྐྱེན་མེད་པར་ཞི་མོལ་བསྐྱར་དུ་འགོ་འཛུགས་བྱ་རྒྱུར་གོ་སྐབས་སྨིན་ཅིང་། བོད་གཞུང་ནས་རྒྱ་དམར་གཞུང་ལ་ཕར་འབྲེལ་བྱ་རྒྱུར་གྲུབ་འབྲས་ཐོན་རེ་གཟིགས་ཚེ་དེ་དོན་འབད་བརྩོན་དང་། བར་ཞུགས་སྲིད་གཞུང་ངམ། ཚོགས་སྡེ། གཞན་ཡང་སྐྱེ་བོ་བྱེ་བྲག་པ་སུ་རུང་བརྒྱུད་འབྲེལ་གཏུགས་དང་ཞི་མོལ་ཆེད་སྩལ་བཏོན་གྱིས་འབད་བརྩོན་གནང་རྒྱུ། བོད་གཞུང་གི་ད་ཕན་གྱི་སྲིད་བྱུས་དང་བྱེད་ཕྱོགས་ལ་གཞི་རིམ་གྱི་འགྱུར་བ་གཏོང་དགོས་ཡོད་རིགས་བཀའ་ཤག་གིས་སྤྱི་འཐུས་རྒྱུན་ལས་དང་གྲོས་མོལ་ཐོག་༸གོང་ས་མཆོག་གི་བཀའ་འཁྲོལ་ཇི་བྱུང་ལྟར་གཏོང་འཐུས་ཞེས་གྲོས་ཆོད་ཁག་ལ་དུས་བསྟུན་བསྐྱར་བཅོས་གནང་སྟེ་རྩ་འཛིན་གནང་མུས་ཡིན།

ཆོས་སྲིད་ལུགས་གཉིས་ཐུགས་འགན་བཞེས་ཏེ་མི་ལོ་ ༥༠ འཁོར་བའི་མཛད་སྒོ།
༄༅། ཕྱི་ལོ་ ༡༩༤༩ བོད་ཀྱི་ཤར་ཕྱོགས་ས་མཚམས་སུ་རྒྱ་དམར་གྱིས་བཙན་འཛུལ་དཔུང་འཇུག་བྱེད་འགོ་བརྩམས་ཏེ་བོད་ཀྱི་ཆབ་སྲིད་གནས་སྟངས་སྣུམ་ཟད་མར་མེའི་ངང་ཚུལ་ལྟར་ཛ་དྲག་ཉེན་ཆེར་གྱུར་པ་ན་བོད་ལྗོངས་ལྷ་སྡེ་མི་སྡེ་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ཕྱི་ལོ་ ༡༩༤༩ ཟླ་ ༡༡ ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་ཕྱག་མཚན་དུ་བདག་གིར་བཞེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཟབ་གཟེངས་གནང་རྒྱུར། ༡༩༩༨ ཟླ་ ༣ ཚེས་ ༢༧ ཉིན་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་གྲོས་ཆོད་ཅིག་འཇོག་གནང་མཛད་དོན་ལྟར་ཕྱག་བསྟར་གནང་།
དེ་བཞིན་རབ་བྱུང་བཅུ་དྲུག་པའི་ལྕགས་འབྲུག་ཟླ་ ༡ ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་གྱི་ཁྲི་འཕང་ཆེན་པོར་མངའ་གསོལ་ནས་རབ་བྱུང་བཅུ་བདུན་པའི་ལྕགས་འབྲུག་བོད་ཟླ་ ༡ ཚེས་ ༡༤ དང་། ཕྱི་ལོ་ ༢༠༠༠ ཟླ་ ༢ ཚེས་ ༡༨ བར་མི་ལོ་དྲུག་ཅུ་ཡོངས་སུ་འཁོར་བར་བརྟེན་༸གོང་ས་ཆེན་པོའི་བཀྲིན་ཆ་ཤས་ཙམ་གསབ་ཕྱིར་ཕྱི་ཚེས་ ༡༨ དང་ ༡༩ ཉིན་གཉིས་རིང་བཞུགས་སྒར་རྡ་རམ་ས་ལར་སྔར་སྲོལ་ལྟར་རྟེན་འབྱུང་མཛད་སྒོ་ཟབ་རྒྱས་བསྐྱངས་ཤིང་། སྐབས་དེར་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་གཞུང་གི་སྐུ་མགྲོན་དུ་གདན་ཞུས་ཀྱིས་ཆིབས་བསྒྱུར་གནང་ཡོད་པ་དང་། གཞིས་བྱེས་བོད་མི་སྤྱི་མགྲིན་ནས་༸གོང་ས་མཆོག་སྐུ་ཚེ་རྡོ་རྗེའི་ཁམས་སུ་བརྟན་པའི་བརྟན་བཞུགས་བསྟར་འབུལ་དང་སྦྲགས་བླང་དོར་ཞུ་སྒོའི་དམ་བཅའ་གཏན་ཚིགས་ཆེན་མོ་འབུལ་བཞེས་མཛད། རྒྱ་གར་རྒྱལ་ས་ལྡི་ལི་དང་། མེ་རེ་ཊི་སོགས་སུ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་འདུ་སྔ་རྗེས་དང་། ཕྱི་ལོ་ ༡༩༩༦ དང་ ༢༠༠༠ ལོ་སོ་སོར་ཇར་མན་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་གཉིས་པ་དང་གསུམ་པ་བསྐྱངས།

རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་གསུམ་པ།
༄༅། གོང་གསལ་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་གསུམ་པ་ཕྱི་ལོ་ ༡༩༩༧ ཟླ་ ༤ ཚེས་ ༢༣ དང་ ༢༤ སོ་སོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ལ་ཚུགས་ཤིང་། སྐབས་དེར་འཛམ་གླིང་ཡུལ་ཁག་ ༣༠ ཙམ་ནས་ཚོཌ་མི་གྲངས་ ༡༠༠ དང་། རང་ཕྱོགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟམ་གདོང་བློ་བཟང་བསྟན་འཛིན་དང་། ཚོགས་གཞོན་ཐུབ་བསྟན་ལུང་རིགས། ཕྱི་དྲིལ་བཀའ་བློན་བཀྲས་མཐོང་ཚེ་དབང་ཆོས་རྒྱལ། ནང་སྲིད་བཀའ་བློན་བཀྲིས་དབང་འདུད། ཨ་རི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པའི་ཚོགས་གཙོ་རྒྱ་རི་བློ་གྲོས་རྒྱལ་མཚན། སྤྱི་འཐུས་རྒྱུན་ལས་པ་ངག་དབང་ལྷ་མོ། ཕྱི་དྲིལ་དྲུང་ཆེ་བསྟན་པ་ཚེ་རིང་། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་སོགས་ཚོགས་ཞུགས་གནང་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མའི་དབུ་འབྱེད་ཀྱི་གསུང་བཤད་བཀའ་དྲིན་ཆེ་བ་དང་། དེ་རྗེས་ཨ་རི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པའི་ཚོགས་གཙོ། སྤྱི་འཐུས་ཚོགས་གཙོ། ཨ་རི་གྲོས་ཚོགས་འཐུས་མི་སྦེན་ཇ་མིན་གྷིལ་མན་ Representative Benjamin Gilman བཅས་ནས་གསུང་བཤད་རིམ་པར་གནང་ཡོད་སྟབས་བོད་དོན་བདེན་པའི་གནས་ལུགས་ཕྱི་ནང་གང་སར་དྲིལ་བསྒྲགས་ཤུགས་ཆེ་ཐུབ་པ་བྱུང་ཞིང་། སྐབས་དེར་ཨ་རིའི་སྲིད་འཛིན་བིལ་ཁི་ལིན་ཊོན་ Bill Clinton མཆོག་ནས་ཆེད་དུ་ཤིས་སྨོན་གྱི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན། འདི་ག་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་ལྷན་ཚོགས་ཐེངས་གསུམ་པ་ཚོགས་པ་དང་། ཚོགས་འདུར་ཕེབས་མཁན་ཡོངས་ལ་འཚམས་འདྲི་ཞུ་གི་ཡོད། ལྷག་པར་བོད་མི་མང་གི་དོན་དུ་སྐུ་ངལ་ལྷུར་བཞེས་གནང་མཁན་དང་། འཚེ་མེད་ཞི་བའི་སྙིང་སྟོབས་ལ་བརྟེན་ནས་ཞི་མོལ་མཐའ་འཁྱོངས་གནང་མཁན་འཛམ་གླིང་ཡོངས་ཀྱི་ཡིད་སྨོན་ཞུ་ཡུལ་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་དམིགས་བསལ་དགའ་བསུ་ཞུ་གི་ཡོད། ཨ་རི་བ་རྣམས་ཀྱི་རྩ་ཁྲིམས་ནང་གསལ་བའི་རང་དབང་ཁག་ལོངས་སྤྱད་དེ། རང་དབང་དང་བདེ་སྐྱིད་ཀྱི་ཆེད་དུ་ལས་དོན་བྱས་ཏེ་ཨ་རིའི་མི་མང་ཙམ་མ་ཡིན་པར་འཛམ་གླིང་ཁྱོན་ཡོངས་ལ་རང་དབང་ཡོང་ཐབས་བྱེད་བཞིན་ཡོད། རང་དབང་ནི་འགྲོ་བ་མིའི་རང་བཞིན་ལྷན་སྐྱེས་ཀྱི་ཐོབ་ཐང་ཡིན། འགྲོ་བ་མིའི་ཐོབ་ཐང་ནི་ཆབ་སྲིད་ཀྱི་ས་མཚམས་ལས་བརྒལ་བའི་ཡོངས་ཁྱབ་རང་བཞིན་ཞིག་ཡིན། འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་གཏོང་བ་དང་། དང་ལེན་མི་བྱེད་པའི་གནས་ཚུལ་གང་དུ་ཡོད་ཀྱང་ང་ཚོས་མུ་མཐུད་གླེང་སློང་བྱེད་དགོས་པ་ཡིན། མང་གཙོ་དང་། འགྲོ་བ་མིའི་ཆེ་མཐོང་། ཆོས་དད་རང་མོས་བཅས་འཛམ་གླིང་གང་སར་འཕེལ་རྒྱས་ཡོང་ཐབས་སུ་འབད་བརྩོན་རྒྱུན་བསྲིང་གནང་མཁན་དབུ་ཁྲིད་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷན་ཚོགས་གྲུབ་འབྲས་ལྡན་པ་ཡོང་བའི་རེ་འདུན་ཡོད་ཅེས་གསུང་འཕྲིན་བསྩལ་བ་ནི་༸གོང་ས་ཆེན་པོའི་མཛད་འཕྲིན་ལ་མཚན་མཐོང་གུས་བཀུར་ཆེ་བསྟོད་ཅི་ཆེ་ཞུས་པ་མ་ཟད། འཛམ་གླིང་ཆབ་སྲིད་བབས་སྟེགས་སྟེང་བོད་ཀྱི་གནས་བབ་ཚད་མཐོར་སླེབས་ཏེ་སྟོབས་ཆེན་རྒྱལ་ཁབ་ཕན་ཚུན་དབར་འབྲེལ་མོལ་སྐབས་སྣང་ཆུང་རྡོག་རོལ་གཏོང་ཐབས་མེད་པའི་མངོན་རྟགས་གསལ་པོ་ཞིག་ཡིན།

སྤྱི་འཐུས་སྐབས་བཅུ་གསུམ་པ།
འཛམ་གླིང་ཡུལ་ཁག་གི་གྲོས་ཚོགས་འཐུས་མི་སྐུ་མགྲོན་ཕེབས་ཞུགས་སྐོར།

༄༅། རྒྱལ་སྤྱིའི་ནང་བོད་དོན་ལ་རྒྱབ་སྐྱོར་འཐོབ་ཐབས་སུ་ད་ལྟའི་འཛིན་སྐྱོང་བཀའ་ཤག་དང་། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་གོ་བསྡུར་གྱིས་རྒྱལ་སྤྱིའི་ནང་གྲོས་ཚོགས་ལ་འབྲེལ་བ་བྱ་རྒྱུ་དེ་བཞིན་སྤྱི་འཐུས་ནས་གནང་རྒྱུ་གནང་བ་ལྟར། ༢༠༠༢ ཟླ་ ༥ ཚེས་ ༦ ཉིན་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་མཐུན་འགྱུར་འོག་ལྡི་ལིར་རྒྱ་གར་དབུས་གྲོས་ཚོཌ་བོད་དོན་རྒྱབ་སྐྱོར་ཚོཌ་པ་སླར་གསོ་བྱས་ཐུབ་པ་དང་། དེའི་སྐབས་ཚོགས་གཙོ་པདྨ་འབྱུང་གནས་དང་། ཚོགས་གཞོན་རྒྱ་རི་སྒྲོལ་མ་གཉིས་ཀྱང་བཅར་ཏེ་གཏམ་བཤད་ཞུས།
སྤྱི་འཐུས་ལྷན་ཚོགས་ཀྱིས་མགྲོན་འབོད་ལྟར་རྒྱ་གར་དབུས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་གྲངས་བཅིུག་དང་། སྐུ་འཁོར་མི་གྲངས་ཉི་ཤུ་སྐོར་ ༢༠༠༢ ཟླ་ ༨ ཚེས་ ༢༨ ནས་ཚེས་ ༣༠ བར་བཞུགས་སྒར་དུ་ཕེབས་བཞུགས་གནང་།
གོང་བཞིན་ཨི་ཊ་ལི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་མིའི་ཁོངས་གྲོས་ཚོགས་འཐུས་མི་ངོ་མ་གྲངས་ ༦ སྐུ་འཁོར་གནད་ཆེའི་མི་སྣ་བཅས་ཡོད་པའི་ལྟ་སྐོར་སྐུ་ཚབ་ཚོགས་པ་ཞིག་སྤྱི་འཐུས་གྲོས་ཚོགས་དང་སྟབས་བསྟུན་གྱིས་ཕྱི་ལོ་ ༢༠༠༢ ཟླ་ ༩ ཚེས་ ༢༤ ནས་ཚེས་ ༢༨ བར་བཞུགས་སྒར་དུ་ཕེབས་བཞུགས་གནང་།
གོང་བཞིན་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཁོངས་གྲོས་ཚོགས་འཐུས་མི་བཞི་དང་། སྐུ་འཁོར་གནད་ཡོད་མི་སྣ། གསར་འགོད་པ་སོགས་མི་གྲངས་ ༨ ཡོད་པའི་ལྟ་སྐོར་ཚོགས་པ་ཞིག་ ༢༠༠༣ ཟླ་ ༣ ཚེས་ ༢༦ ནས་ཚེས་ ༢༨ བར་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དང་སྟབས་བསྟུན་གྱིས་བཞུགས་སྒར་དུ་ཕེབས་བཞུགས་གནང་།
གོང་བཞིན་ཕ་རན་སི་གྲོས་ཚོགས་འོག་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཁོངས་གྲོས་ཚོགས་འཐུས་མི་གྲངས་ ༡༣ དང་སྐུ་འཁོར་གནད་ཡོད་མི་སྣ་བཅས་ཡོད་པའི་ལྟ་སྐོར་ཚོགས་པ་ཞིག་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དང་སྟབས་བསྟུན་གྱིས་ཕྱི་ལོ་ ༢༠༠༥ ཟླ་ ༣ ཚེས་ ༢༢ ནས་ཚེས་ ༢༥ བར་བཞུགས་སྒར་དུ་ཕེབས་བཞུགས་གནང་།
གོང་བཞིན་ཕ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་གྲངས་ ༥ དང་སྐུ་འཁོར་གནད་ཡོད་མི་སྣ་བཅས་ཡོད་པའི་ལྟ་སྐོར་ཚོགས་པ་ཞིག་ ༢༠༠༥ ཟླ་ ༤ ཚེས་ ༢༥ ནས་ཚེས་ ༣༠ བར་བཞུགས་སྒར་དུ་ཕེབས་བཞུགས་གནང་།
གོང་བཞིན་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འཐུས་མི་གྲངས་ ༡༡ དང་སྐུ་འཁོར་གནད་ཡོད་མི་སྣ་གྲངས་ ༢༠ བཅས་ཡོད་པའི་ལྟ་སྐོར་ཚོགས་པ་ཞིག་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་མགྲོན་སླད་ ༢༠༠༦ ཟླ་ ༢ ཚེས་ ༢༧ ནས་ཟླ་ ༣ ཚེས་ ༤ བར་བཞུགས་སྒར་དུ་ཕེབས་བཞུགས་གནང་།
འཇར་མན་ཧེ་སིང་མངའ་སྡེའི་སྲིད་འཛིན་དང་། གྲོས་ཚོགས་ཀྱི་འཐུས་མི་གནད་ཡོད་མི་སྣ་གྲངས་དྲུག་ཅུ་སྐོར་རང་གཞུང་གི་སྐུ་མགྲོན་སླད་ ༢༠༠༥ ཟླ་ ༢ པའི་ནང་བཞུགས་སྒར་དུ་ཕེབས་འབྱོར་ལྟར་ཕྱི་ཚེས་ ༥ ཉིན་སྤྱི་འཐུས་རྒྱུན་ལས་ནས་གུང་ཚིགས་བཏེགས།
ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ ༢༠༠༥ ཟླ་ ༡༢ ཚེས་ ༢༦ ནས་ཚེས་ ༢༩ བར་རྡ་རམ་ས་ལར་ཚུགས་པ་ལོ་རྒྱུས་སུ་ཐོག་མར་བརྟེན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དགའ་བསུའི་སྣེ་ལེན་གསོལ་སྟོན་འབུལ་ཆེད་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་ཡོངས་ལ་ལས་བྱེད་ཆེད་གཉེར་གྱིས་མགྲོན་ཤོག་ཕུལ་ཞིང་། ཕྱི་ཟླ་ ༡༢ ཚེས་ ༢༨ དགོང་དྲོ་གསོལ་སྟོན་དངོས་གཞིའི་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་དབུས་གྲོས་ཚོགས་ཚོགས་གཙོ་དང་། བློན་ཆེན། འཐུས་མི་སོགས་གནད་ཡོད་མི་སྣ་གྲངས་ ༥༠ སྐོར་ཕེབས་ཞུགས་གནང་ཡོད། སྐབས་དེར་སྤྱི་འཐུས་ཚོགས་གཙོ་དང་། བཀའ་བློན་ཁྲི་པ། སྤྱི་ཁྱབ་བློན་ཆེན་བཅས་ཀྱིས་གསུང་བཤད་གནང་། མངའ་སྡེའི་གྲོས་ཚོགས་ཚུགས་སྐབས་སུ་སྤྱི་འཐུས་རྒྱུན་ལས་རྣམས་རེ་མོས་ཀྱིས་ཟུར་ཉན་དུ་བཅར།

སྤྱི་འཐུས་རྣམ་པ་ཕྱི་རྒྱལ་ཡུལ་ཁག་ཏུ་འཚམས་གཟིགས་དང་།
ཚོགས་འདུ་ཟབ་སྦྱོང་སོགས་ལ་ཕེབས་པའི་ལས་རིམ།

༄༅། ཕྱི་ལོ་ ༢༠༠༡ ལོའི་ནང་རྒྱ་ནག་གཞུང་ནས་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་མང་དག་ཅིག་རྒྱ་ནག་ཏུ་འཚམས་གཟིགས་ལ་གདན་ཞུ་བྱ་རྒྱུའི་གནས་བབ་དང་བསྟུན་བཙན་བྱོལ་བོད་མིའི་གྲོས་ཚོགས་དང་། ཉེ་འབྲེལ་རྒྱལ་ཁབ་ཁག་གི་གྲོས་ཚོགས་དབར་འབྲེལ་ལམ་སྲ་བརྟན་ཡར་རྒྱས་འབྱུང་ཐབས་ཆེད་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་དང་། སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས། སྤྱི་འཐུས་སྨན་པ་ཐོགས་མེད་བཅས་ ༢༠༠༡ ཟླ་ ༡༢ ཚེས་ ༡ ནས་ཚེས་ ༧ བར་ཉི་ཧོང་དུ་གཞུང་དོན་ཕྱོགས་ཕེབས་ཀྱིས་གྲོས་ཚོགས་ཀྱི་འཐུས་མི་ཁག་དང་། ཆབ་སྲིད་ཀྱི་མི་སྣ་ཁག་སོགས་མཇལ་མོལ་གནང་།

སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ ༢༠༠༣ ཟླ་ ༡༠ ཚེས་ ༡༦ ནས་ཚེས་ ༢༢ བར་ཅེག་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ལ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པར་གཞུང་དོན་ཚོགས་བཅར་གནང་། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་དང་། སྤྱི་འཐུས་ཚེ་རིང་ཕུན་ཚོགས་གཉིས་ ༢༠༠༣ ཟླ་ ༡ ཚེས་ ༢༦ ནས་ཟླ་ ༢ ཚེས་ ༡༤ བར་ཨ་རིར་རྒྱལ་སྤྱིའི་མང་གཙོའི་གྲོས་ཚོགས་འཐུས་མིའི་དབར་འབྲེལ་མཐུད་སྐོར་གོ་སྒྲིག་ཚོགས་འདུར་གཞུང་དོན་ཕེབས་བཞུགས་གནང་།

སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ ༢༠༠༣ ཟླ་ ༦ ཚེས་ ༡༩ ནས་ཟླ་ ༧ ཚེས་ ༤ བར་ཨི་སི་རལ་དུ་འཚེ་མེད་ཞི་བའི་བྱམས་བརྩེའི་ལྟ་གྲུབ་ཆེད་གཞུང་དོན་ཕྱོགས་ཕེབས་གནང་།
ཡོ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ནས་གདན་ཞུ་གནང་དོན་ལྟར། བོད་རྒྱ་གཉིས་ཀྱི་གྲོས་མོལ་ལ་ཡོ་རོབ་མཐུན་ཚོགས་ཀྱི་ཡ་ལན་ཞེས་པའི་བརྗོད་གཞིའི་བགྲོ་གླེང་ཚོགས་འདུར་གསུང་བཤད་གནང་ཆེད་ཚོགས་གཙོ་པདྨ་འབྱུང་གནས་ ༢༠༠༣ ཟླ་ ༡༡ ཚེས་ ༡༡ ནས་ཚེས་ ༡༥ བར་སྦེལ་འཇམ་དུ་གཞུང་དོན་ཕྱོགས་ཕེབས་གནང་།

སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལྷོ་ཨབ་རི་ཁའི་གྲོང་ཁྱེར་རྡར་བྷན་དུ་ ༢༠༠༤ ཟླ་ ༢ ཚེས་ ༡ ནས་ཚེས་ ༤ བར་རྒྱལ་སྤྱིའི་གྲོས་ཚོགས་འཕེལ་རྒྱས་ལས་འགུལ་ཚོགས་འདུར་ཕེབས་བཞུགས་གནང་།
སྤྱི་འཐུས་ཟླ་བ་ཚེ་རིང་ ༢༠༠༥ ཟླ་ ༨ ཚེས་ ༢༢ ནས་ཟླ་ ༩ ཚེས་ ༣ བར་ཕེ་རེ་ཌིག་ནོའོ་མན་ཐེབས་རྩས་འགྲོ་སོང་རོགས་རམ་གནང་སྟེ་འཇར་མན་དུ་རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་དང་སྲུང་སྐྱོབ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་ གླེང་དང་། སློབ་གཉེར་འདུ་འཛོམས་སར་གཞུང་དོན་ཕྱོགས་ཕེབས་གནང་།

ལྡི་ལི་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་དང་། ཡོ་རོབ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ཡོ་རོབ་སྤྱི་འཐུས་བསོད་ནམས་ཚེ་རིང་ཕར་སི་བཅས་ཀྱི་རོགས་རམ་འབྲེལ་མཐུད་འོག་སྤྱི་འཐུས་སྤེན་པ་ཚེ་རིང་དང་། སྤྱི་འཐུས་བསོད་ནམས་སྟོབས་རྒྱལ། སྤྱི་འཐུས་ངག་དབང་ལྷ་མོ། སྤྱི་འཐུས་ཀརྨ་ཡེ་ཤེས། སྤྱི་འཐུས་ཨོ་རྒྱན་བསྟན་འཛིན། སྤྱི་འཐུས་རྣམ་རྒྱལ་དབང་ འདུས། སྤྱི་འཐུས་གྲའུར་ཚེ་བརྟན། སྤྱི་འཐུས་ཨོ་དགའ། སྤྱི་འཐུས་ཚེ་རིང་སྒྲོལ་མ། སྤྱི་འཐུས་ཧོར་གཙང་འཇིགས་མེད། སྤྱི་འཐུས་ལི་ཐང་དབང་རྒྱལ་བཅས་སྤྱི་འཐུས་རྣམ་པ་བཅུ་གཅིག་སྦེལ་འཇམ་དང་། ལྷོ་ཀྲི་རོལ། དབྱིན་ལེན། སི་ཀོ་ཀྲི་ལེན་ཌ་བཅས་ཡོ་རོབ་རྒྱལ་ཁབ་བཞིར་ ༢༠༠༥ ཟླ་ ༡༠ ཚེས་ ༡༨ ནས་ཚེས་ ༢༩ བར་ཉམས་སློབ་ཕྱོགས་ཕེབས་གནང་།

སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་དང་། སྤྱི་འཐུས་སྒྲོལ་མ་མཚོ་མོ་གཉིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་ཚོགས་འདུར་ ༢༠༠༥ ཟླ་ ༡༡ ཚེས་ ༢༥ ནས་ཟླ་ ༡༢ ཚེས་ ༥ བར་གཞུང་དོན་ཕྱོགས་ཕེབས་གནང་།

ཡོ་རོབ་སྤྱི་འཐུས་གསང་གླིང་ཚེ་རིང་རྡོ་རྗེ་དང་། སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མ་རི་ཡོ་ཕེར་གཉིས་ཀྱིས་འགན་ཁུར་རྐང་བཞེས་འོག་སུད་སི་གྲོས་ཚོགས་སུ་མགྲོན་འབོད་གནང་དོན་ལྟར་ ༢༠༠༥ ཟླ་ ༡༢ ཚེས་༨ ནས་ཚེས་ ༡༩ བར་ཚོགས་གཙོ་པལྨ་འབྱུང་གནས་དང་། སྤྱི་འཐུས་དཀོན་མཆོག་ནོར་བུ་གཉིས་གཞུང་དོན་ཕྱོགས་ཕེབས་གནང་།

ལྷོ་ཨབ་རི་ཀའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བའི་དབུ་འབྱེད་མཛད་སྒོར་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཏུ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ ༢༠༠༦ ཟླ་ ༢ ཚེས་ ༢ ནས་ཚེས་ ༨ བར་ལྷོ་ཨབ་རི་ཀར་ཕེབས་བཞུགས་གནང་།

ཐོག་མ་།

Menu