༄༅། །ཕྱི་ལོ་ ༡༩༨༠ ཟླ་ ༦ ཚེས་ ༢༥ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ལྡན་དང༌། འབྲས་སྤྲུངས༌། ས་སྐྱ། རྙིང་མ་བཞིའི་མཁན་བླ་ལས་སྣེས་གཙོས་དགེ་འདུན་བགྲེས་གྲས་ཁག་གཅིག་བཞུགས་མོལ་ཚོགས་འདུའི་ཐོག་དོལ་རྒྱལ་སྐོར་སྩལ་བའི་ལམ་སྟོན་བཀའ་སློབ།

བར་ལམ་དོལ་རྒྱལ་སྟེན་ཕྱོགས་སྐོར་ལ་སྐད་ཆ་ཞིག་ལྷགས་པ་རེད། དེའི་སྐོར་མ་གཞི་ཁྱེད་ཚོས་ལམ་ཙམ་ཤེས་ཀྱི་ཡོད་ཀྱང༌། ད་ལམ་འདི་གར་ཧྲག་བསྡུས་ཤིག་འཛོམས་ཐོག་ལ་གནས་ཚུལ་ཞིག་ཞུ་ན་བསམ་བྱུང༌། འདིའི་སྐོར་ཁྱེད་ཚོར་ཡང་དཀའ་ངལ་བྱུང་ཡོད་ལ། ང་རང་ལ་ཡང་རྙོག་ཁྲ་དང་དཀའ་ངལ་ཆེན་པོ་བྱུང༌། འོན་ཀྱང་ང་རང་སྒེར་གྱི་ཐོག་ནས་རྙོག་ཁྲ་སེལ་ཐབས་སྤང་བླང་བྱས་ན་དེ་གས་འཐུས་ཤག་བྱས་ཏེ་བསྡད་པ་རེད། ༼སྐབས་དེར་ང་ལ་ཡར་ལངས་ནས་མགོ་བརྡབ། མར་བསྡད་ན་རྐུབ་བརྡབ་ཟེར་བ་ལྟ་བུའི་བྱེད་སྟངས་མ་ཤེས་པའི་དཀའ་ངལ་བྱུང༌།༽ དོལ་རྒྱལ་གྱི་གནས་ཚུལ་གྱིས་རྐྱེན་པས་མི་མང་པོ་ཞིག་ལ་གྲ་མ་འགྲིགས་དང༌། ལམ་འགྲོ་མེད་པའི་གནས་ཚུལ་དངོས་སུ་བྱུང་བ་དང༌། དེའི་རྐྱེན་ནམ་འབྱུང་ཁུངས་ལྟ་བུ་གང་ཡིན་མང་ཆེ་བས་མགོ་མ་ཚོས་པ་ཞིག་ཆགས། མགོ་ཚོས་མཁན་དེ་ང་ཡིན་སྟབས་ངས་ཤེས་བཞིན་དུ་ཁ་རོག་བསྡད་ན་མ་འགྲིགས་པ་དང༌། བཤད་ན་བཤད་པས་ཀྱང་མ་འགྲིགས། དེ་ལྟ་བུའི་དཀའ་ངལ་ཆེན་པོ་བྱུང༌། ཁྱེད་ཚོར་ཡང་དེ་བས་བྱེད་སྟངས་མ་ཤེས་པའི་དཀའ་ངལ་བྱུང་ཡོད། ཁྱེད་རང་ཚོ་བྱང་རྩེ་གྲྭ་ཚང་ནས་བྱེད་ཁག་པོའི་དཀའ་ངལ་ཡོད་ཀྱང་གང་ཡོང་ཅི་ཡོང་གིས་ཉན་ཤེས་གནང་སོང༌།

གཞི་རྐང་གནས་ཚུལ་འདིའི་སྐོར་ལ། ངས་མ་བརྟག་མ་དཔྱད་པའི་ཧོལ་རྒྱུགས་དང༌། རི་བོང་ཅལ་འདྲོགས་བྱས་པ་རྩ་བ་ནས་མེད། ལོ་ནས་ལོ་མེལ་ཏེ་དོ་དོ་ཏན་ཏན་གྱིས་བརྟག་དཔྱད་རིམ་པ་བྱས་པ་ཡིན། གནས་ཆུང་གི་བཀའ་ལུང་གནང་བ་ཙམ་ལའང་ཆ་མ་བཞག་པར་བརྟག་ཞིབ་ནན་ཏན་བྱས་པ་ཡིན། རྩ་བའི་གནས་ཆུང་ལ་ཆ་བཞག་ན། ྋརྒྱལ་བ་དགེ་འདུན་རྒྱ་མཚོའི་སྐུ་དུས་ནས་བཟུང༌། བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲུང་མ་དམར་ནག་གཉིས་ཞེས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་ལས། ཕྱིས་སུ་གསར་སྤྲོས་ཀྱིས་བྱུང་བ་ཞིག་མིན། ལྷག་པར་འགག་དོག་སར་བསླུ་བ་རྩ་བ་ནས་མེད་པའི་ལྷ་ཞིག་ཡིན། འོན་ཀྱང་རྒྱལ་ཆེན་སྐོར་གྱི་གནས་ཚུལ་དེ་ཆགས་ཡོང་དུས་དོ་དོ་ཏན་ཏན་བྱས་པ་ཡིན། མཐར་ངེས་པ་རྣམ་དག་རྙེད་པ་གང་ཞིག་བྱུང་ཟེར་ན། གསང་བ་བསམ་གྱིས་མི་ཁྱབ་པའི་མཐར་ཐུག་གི་གནས་ཚུལ་ག་རེ་ཡོད་མེད་ངས་བཤད་མི་ཐུབ། དངོས་སུ་མིག་གིས་མཐོང་རྒྱུ་ཡོད་པའི་མིའི་སྤྱི་ཚོགས་ནང་གཅིག་གི་རྒྱུད་ཚོད་གཅིག་གིས་རིག་གི་མི་འདུག་ན། ལྷའི་རྒྱུད་ཚོད་དེ་བས་ག་ནས་རིག འོན་ཀྱང་དངོས་ཡོད་གནས་ཚུལ་ལ་ནི། ལྷ་མོ་དང་རྒྱལ་པོ་སྐུ་ལྔ་གཙོ་བོར་བསྟེན་མཁན་ཞིག་ཡིན་ན། ག་རེ་བྱས་ཀྱང་རྒྱལ་ཆེན་གྱི་ཐོག་ལ་མ་འགྲིགས་པ་ཞིག་ཡོད་ཐག་ཆོད་རེད་འདུག

རྒྱལ་ཆེན་གྱི་ཐོག་མའི་འབྱུང་ཁུངས་ལོ་རྒྱུས་ཀྱི་དབང་དུ་བྱས་ན་ཡང༌། གཞི་རྩ་གླེང་གཞི་ཞིག་བྱུང་ངེས་གཏན་རེད། འོན་ཀྱང་བར་དུ་ཐོག་མའི་འཆར་གཞི་ལྟར་ལམ་འགྲོ་མ་བྱུང་བ་མིན་ནམ་སྙམ་པ་ཞིག་འདུག དེ་འདྲའི་ཐོག་ནས་ ༼ནོར་དང་འདྲ་དང་བརྫུན་མ་སོགས་༽ རྙོག་ཁྲ་ཚ་པོ་ཞིག་གི་ཐོག་ཏུ་བསྡད་པ་ལྟ་བུ་ཞིག་འདུག ནམ་རྒྱུན་རྒྱལ་ཆེན་ཚད་མར་ཞལ་གྱིས་བཞེས་མཁན་ཚོའི་ལྟར་ན། དང་པོ་རྒྱུད་བསྐུལ་གནང་མཁན་དང༌། བར་དུ་རྐྱེན་སློང་མཁན་གནས་ཆུང་བྱས་ནས་ཁུངས་བཅོལ་ས་གནས་ཆུང་དགོས་ཀྱི་ཡོད། གནས་ཆུང་གི་རྒྱབ་སྐྱོར་དགོས་ཀྱི་ཡོད་ན་ད་ལྟ་འདིར་དངོས་ཡོད་གནས་ཚུལ་ལ། གནམ་འདིའི་འོག་ཏུ་གནས་ཆུང་རྒྱུས་ཡོད་ཆེ་ཤོས་ང་ཡིན། ངས་ཐོག་མཐའ་བར་གསུམ་གྱི་གནས་ཚུལ་ལ་བལྟས་པ་ཡིན་ན་གནས་ཆུང་རྡོ་རྗེ་གྲགས་ལྡན་གྱི་ཐོག་ནས་རྒྱལ་ཆེན་བསྟེན་མཁན་ལ་མ་འགྲིགས་པ་ཡོད་པ་གསལ་ཐག་ཆོད་རེད། དུས་ཚོད་མ་སྨིན་པའམ་ག་རེ་ཡིན་ཀྱང་རུང༌། ད་ལྟའི་གནས་ཚུལ་ལ་མ་རན་པ་ཞིག་དང༌། ཁེ་ལས་གྱོང་ཆེ་བ་ཡོད་པ་ཞིག་བརྒྱ་ཆ་བརྒྱ་ཐམ་པ་ཐག་ཆོད་ཀྱི་འདུག

དེ་བཞིན་དཔལ་ལྡན་ལྷ་མོ་བསྟེན་མཁན་ཞིག་ཡིན་ནའང་མ་འགྲིགས་པའི་གནས་ཚུལ་ཡོད་ཏན་ཏན་རེད། གཞི་ནས་དེ་སྔ་རང་རེས་རྣམ་དཔྱོད་ཀྱི་བློ་གྲོས་གཡག་ཞར་གྱི་རྩྭའི་ངང་ཚུལ་ཆགས་པའི་རྐྱེན་གྱིས་ནོར་འཁྲུལ་བྱུང་བ་ལས་བླ་མ་མང་པོའི་གསུང་དང༌། རྣམ་ཐར་ལ་བརྟག་དཔྱད་བྱས་ན་གནས་ཚུལ་འདྲ་མིན་མང་པོ་འདུག དཔེར་ན། ཉེ་ཆར་ངས་ཐུའུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་དེ་བཀླགས་པ་ཡིན། དེའི་ལྷ་ས་ཞོལ་དཔར་ཤོག་གྲངས་ཉིས་བརྒྱ་ཉེར་གཅིག་པར། ཉིན་གཅིག་ལྕང་སྐྱ་རིན་པོ་ཆེ་ཐུའུ་བཀྭན་རིན་པོ་ཆེ་དང་ལྷན་དུ་དགའ་ལྡན་དུ་གླིང་སྐོར་ཞིག་ལ་ཕེབས་སྐབས་སུའི་ཡིན་མི་ཤེས་པའི་ཞབས་རྗེས་ཤིག་མཇལ་སྐབས་ལྕང་སྐྱ་རིན་པོ་ཆེས་ཐུའུ་བཀྭན་ལ་སྐུ་རྩེད་ཚུལ་གྱིས་ཞབས་རྗེས་འདི་རྙིང་མ་པ་ཞིག་གི་ཡིན་འདུག་པས། ཁྱེད་ཅག་ཕུར་བུ་ལྕོག་པའི་སློབ་མ་རྣམས་ཀྱིས་འཛེམས་པ་ལེགས་ཞེས་གསུང་འདུག་ཅིང༌། གསུང་འཕྲོས་དེའི་རྗེས་ཐོག་དེ་གར་འདི་ལྟར་གསུང་འདུག རྗེ་བླ་མ་ཡབ་སྲས་ཀྱིས་འཇིག་རྟེན་པའི་ལྷ་སྲུང་བསྟེན་པར་མི་མཛད་པས། འཁྲུངས་ལྷ་རྨ་ཆེན་གྱི་ལྷ་ཐོ་ཡང་བསྐོར་ལམ་ནང་དུ་མ་ཆུད་ཅིང༌། སྔ་མ་དགའ་ལྡན་ཁྲི་པ་འགའ་ཞིག་གིས་དོལ་རྒྱལ་བསྟེན་པས་བཀྲ་མི་ཤིས་པ་བྱུང་བ་ཁྲི་ཆེན་རྡོ་རྗེ་འཆང་གིས་ཁོའི་ལྷ་རྟེན་སོགས་བཤིག་ནས་དགོན་པ་ནས་བསྐྲད་པའི་ལོ་རྒྱུས་སོགས་ཞིབ་ཏུ་གསུངས། ཞེས་འཁོད་འདུག རྣམ་ཐར་དེ་ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་དང༌། རྩོམ་པ་པོ་ཐུའུ་བཀྭན་ཆོས་ཀྱི་ཉི་མ། ཁུངས་བགྲངས་པའི་ལོ་རྒྱུས་ནང་ཁྲི་ཆེན་རྡོ་རྗེ་འཆང་ཞེས་པ་དེ་ྋརྒྱལ་བ་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་རྭ་སྒྲེང་སྐུ་ཕྲེང་དང་པོ་དགའ་ལྡན་ཁྲི་ཆེན་ངག་དབང་མཆོག་ལྡན་རེད། དེ་ཡང་ྋརྒྱལ་དབང་ལྔ་པ་ལྟ་བུ་ཆོས་ལུགས་ཕྱོགས་མེད་མཛད་མཁན་མིན་པ་དགེ་ལུགས་ཁེ་གཙང་ཡིན་པའི་བླ་མ་ཁྲི་ཆེན་ངག་དབང་མཆོག་ལྡན་དང་འབྲེལ་བའི་ལོ་རྒྱུས་ཤིག་ལྕང་སྐྱ་རོལ་པའི་རྡོ་རྗེས་གསུངས་པ་དང༌། དེ་ཐུའུ་བཀྭན་རིན་པོ་ཆེས་བྲིས་པ་ཞིག་སྟེ། དགེ་ལུགས་པའི་བླ་མའི་གཙོ་བོ་གསུམ་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་ཤིག་ཆགས་ཡོད། དེས་ན་སྔོན་མ་ནས་རྙོག་ཁྲ་ཧ་ཅང་ཆེན་པོ་ཞིག་ཡོད་འདུག མཁས་གྲུབ་ཀྱི་སྐྱེས་བུ་ཁག་གཅིག་གིས་ནི་ཚད་ལྡན་གྱི་སྲུང་མ་ཡག་པོ་ཡིན་ཞེས་གསུང་གི་ཡོད་པ་དང༌། སོ་སོའི་ཐོག་ཏུའང་སྐུ་ཚེ་མཛད་པ་མཐའ་འཁྱོངས་པ་བསམ་གྱིས་མི་ཁྱབ་པ་དེ་རིང་ཁ་སང་ང་ཚོའི་མཐོང་ཆོས་ལ་ཡོད་པའི་གནས་ཚུལ་འདི་རེད།

ཡང་ཕྱོགས་གཅིག་ནས་ད་ལྟ་བཤད་མ་ཐག་པ་བཞིན་སྔོན་ནས་ལོ་རྒྱུས་རྙོག་ཁྲ་ཆེན་པོ་ཡོད་པ་ཞིག་རེད། དེར་བརྟེན་ངས་གནས་ཚུལ་འགྲེལ་བཤད་དང༌། སྟངས་འཛིན་བྱེད་དགོས་པའི་གནད་དོན་དེ་རེད། དེ་ཡང་ངས་སྲིད་དོན་གྱི་གནས་ཚུལ་སོགས་དགོས་པ་རྒྱུ་མཚན་གཞན་དག་གི་ཐོག་ནས་བྱས་པ་རྩ་བ་ཉིད་ནས་མིན། ཡང་ྋསྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་སྐུ་ཚེ་འདི་ཙམ་མིན་པར་སྔོན་མ་ནས་ཤུགས་ལྡན་དང་ཐུགས་འདྲིས་ཆེན་པོ་ཡོད་པ་དང༌། ཐུན་མོང་མ་ཡིན་པ་གནང་གི་ཡོད། ངས་འདིའི་སྐོར་ཐོག་མཐའ་བར་གསུམ་གྱི་གནས་ལུགས་ཆ་ཚང་ྋསྐྱབས་རྗེ་རིན་པོ་ཆེར་ྋསྙན་སེང་ཞུས་ཏེ་ཚང་མ་མཁྱེན་རྟོགས་ཡོད་པ་ཞིག་ཡིན་པ་ལས་ྋསྐྱབས་རྗེ་རིན་པོ་ཆེས་མ་དགོངས་པ་ཞིག་ངས་རྒྱབ་བཤད་བྱས་པ་ལྟ་བུ་གཏན་ནས་མིན། རྩ་བའི་ཁུངས་གཏུགས་ས་ལྷ་མོའི་ཟན་བརྟག་དང༌། ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་གྱི་ལུང་གི་ཐོག་ནས་ཡོང་གི་ཡོད། གནས་ཆུང་ལ་ཆ་བཞག་ན་ྋསྐྱབས་རྗེ་རིན་པོ་ཆེ་རང་གི་ཉམས་མྱོང་གི་ཐོག་ནས་ཚད་ཐུབ་ཡིན་པ་ཞལ་བཞེས་གནང་གི་ཡོད། གནས་ཆུང་འགག་དོག་སར་བསླུ་བ་རྩ་ནས་མེད། དེ་ལྟར་གསུངས་པ་ལ་གཏན་གཏན་རྒྱུ་མཚན་ཞིག་ཡོད་ཀྱི་རེད་ཅེས་གསུང་གི་འདུག དེ་བཞིན་ཟན་བརྟག་སྐོར་སྔ་རྗེས་གནས་ཚུལ་ཁྲི་བྱང་རིན་པོ་ཆེར་ཞུ་སྐབས་སུ་ཡང༌། ལྷ་མོའི་སྐུ་མདུན་དུ་ཟན་བརྟག་བསྒྲིལ་བ་ལ་བསླུ་བ་གཏན་ནས་ཡོང་གི་མ་རེད། དགོས་པ་རྒྱུ་མཚན་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱི་རེད་གསུངས་པ་ལས། གང་འདྲ་ཡིན་ནམ་དགོངས་པ་ལྟ་བུ་རྩ་བ་ནས་གནང་གི་མི་འདུག དེ་འདྲ་ཡིན་སྟབས་ང་རང་བློ་བདེ་པོ་བྱས་ནས་བསྡད་ཡོད། ངས་ཁྲི་བྱང་རིན་པོ་ཆེར་ལྟོས་མེད་ཞུ་བའམ། བཀྱག་བཀྱག་ཞུས་པ་ལྟ་བུ་གཏན་ནས་མིན། ཁ་ཤས་ཀྱིས་གནས་ཚུལ་ཡག་པོ་མ་ཤེས་པར་གང་འདྲ་ཡིན་ནམ་བསམ་པ་ཡོང་སྲིད། སྔ་ཕྱིའི་ཡོང་རྐྱེན་གནས་ཚུལ་ཆ་ཚང་དེ་ལྟར་ཡིན།

ཡང་གང་ཟག་སྒེར་སོ་སོའི་ངོས་ནས་ཐུན་མོང་མ་ཡིན་པའི་ལས་འབྲེལ་ཡོད་པ་དང༌། སོ་སོའི་ཉམས་མྱོང་གི་ཐོག་ནས་འཕྲོད་ལམ་ཡོད་པ་དང༌། བླ་མས་དགོས་པ་རྒྱུ་མཚན་ཆེན་པོ་གཟིགས་ཏེ་བསྟེན་གསོལ་བྱ་དགོས་བཀའ་གནང་བ་དེ་འདྲ་ཡིན་ན་ནི། ཆོས་བྱེད་རྒྱུ་རང་དབང་ཡིན་ཕྱིན། ཆོས་ག་རེ་བྱེད་དང་མ་བྱེད་སོ་སོའི་རང་དབང་རེད། སྲུང་མ་ག་རེ་བསྟེན་དང་མ་བསྟེན་སོ་སོའི་རང་དབང་ཡིན་པས་སུས་ཀྱང་ཆོག་དང་མ་ཆོག་བཤད་ཐུབ་ཀྱི་མ་རེད། སོ་སོའི་རང་དབང་རེད། འོན་ཀྱང་ད་ལྟ་བཤད་མ་ཐག་པ་བཞིན་ལྷ་མོ་དང་རྒྱལ་པོ་སྐུ་ལྔ་གཙོ་བོ་བྱེད་མཁན་ཞིག་ཡིན་ན་མ་འགྲིགས་པ་ཡོད་པའི་གནས་ཚུལ་འདི་ལྟར་ཡིན། དེར་བརྟེན་དགོན་པ་གྲྭ་ཚང་ལྟ་བུ་སྤྱི་པ་དེ་ཚོའི་ཐོག་ནས་གཟབ་གཟབ་བྱེད་ཐུབ་ན་ཡག་པོ་རེད་བསམ་གྱི་འདུག གནས་ཚུལ་ཡག་པོ་མ་ཤེས་ན་ཁག་མེད། ང་རང་ཡིན་ཀྱང་འགོ་ལོག་རྩེད་གྲབས་བྱས་པ་རེད། རྒྱལ་ཆེན་གྱི་འཕྲིན་བསྐུལ་ཧུར་ཐག་བཏོན་པ་ཡིན། སྲོག་གཏད་ཞུ་རྒྱུ་ཡང་ྋསྐྱབས་རྗེ་རིན་པོ་ཆེར་ྋསྙན་སེང་ཞུས་ཟིན། རྗེས་སུ་གནས་ཚུལ་དེ་འདྲ་ཞིག་གཞི་ནས་ཚོར་ཏེ། དེ་ནི་གཏན་གཏན་མ་བྱས་ན་ཡག་པོ་མི་འདུག་བསམ་ནས་ཟན་བརྟག་བསྒྲིལ་བ་དང༌། རང་གིས་མོ་རྒྱབ། ངེས་པ་རྙེད་པ་བྱུང་ནས་ཕྱི་ལོ་ ༡༩༧༥ ལོ་ནས་མཚམས་འཇོག་གཙང་མ་བྱས་པ་ཡིན། འཚུབ་ལྷོངས་ཡིན་ནམ་སྙམ་པ་རྨི་ལམ་ལོག་པ་ཙམ་ཡང་མ་བྱུང༌།

ལྷ་མོ་དང་རྒྱལ་པོ་སྐུ་ལྔ་ནི་ལོ་རྒྱུས་ཀྱི་ཐོག་ནས་དཔྱད་ན། ཚད་ཐུབ་བསམ་གྱིས་མི་ཁྱབ་པ་རེད། འབྲས་སྤུངས་པས་ལྷ་མོ་ག་དུས་ནས་བསྟེན་གྱི་ཡོད་མེད་ཁྱེད་ཚོར་ཤོད་རྒྱུ་ཡོད་དམ། འཇམ་དབྱངས་ཆོས་རྗེའི་སྐབས་ལྷ་མོའི་ལོ་རྒྱུས་དམིགས་བསལ་ཨེ་ཡོད། འདི་ཕལ་ཆེར་ྋརྒྱལ་བ་དགེ་འདུན་རྒྱ་མཚོའི་སྐུ་དུས་ནས་བྱུང་བ་མིན་ནམ་བསམ། གང་ཡིན་ཟེར་ན། ད་ལྟ་ཚོགས་འདོན་དུ་ཡོད་པ། གྲུབ་པའི་དབང་ཕྱུག་ཅེས་སོགས་འདི་མཁས་གྲུབ་ནོར་བཟང་རྒྱ་མཚོས་ཐུགས་སྨོན་དང་བཅས་ྋརྒྱལ་བ་དགེ་འདུན་རྒྱ་མཚོར་ྋཞབས་བརྟན་གྱི་ཚུལ་དུ་ཕུལ་བ་ཞིག་ཡིན་ཚོད། སྤྱིར་བཏང་བྱས་ན་མཁས་གྲུབ་ནོར་བཟང་རྒྱ་མཚོའི་གསུང་ཞིག་འབྲས་སྤུངས་ཚོགས་འདོན་དུ་སླེབས་དོན་མེད་པ་ལྟ་བུ་ཡིན་ནའང༌། ཁོང་དང་ྋརྒྱལ་བ་དགེ་འདུན་རྒྱ་མཚོ་ཕན་ཚུན་བླ་སློབ་ཀྱི་འབྲེལ་བ་ཐུན་མོང་མ་ཡིན་པ་ཡོད་པ་དང༌། ྋརྒྱལ་བ་དགེ་འདུན་རྒྱ་མཚོ་འབྲས་སྤུངས་ཁྲི་པ་གནང་སྐབས་མཁས་གྲུབ་ནོར་བཟང་རྒྱ་མཚོས་ཕུལ་བའི་གོང་གི་འདོད་གསོལ་དེའང་ལྷ་མོའི་འཕྲིན་བཅོལ་དང་ཆབས་ཅིག་འབྲས་སྤུངས་ཀྱི་ཚོགས་འདོན་ལ་བཙུགས་པ་ཞིག་གཏན་གཏན་ཡིན་ཚོད་རེད།

འཕྲོས་བཤད་ལྟ་བུ་ཞིག་བཤད་ན། མ་གཞི་རྨི་ལམ་གྱི་ལོ་རྒྱུས་བཤད་ནས་དགོས་པ་ཆེ་བ་མི་འདུག་ཀྱང༌། རང་བཞིན་འཕྲོས་དོན་ལྟ་བུ་ཡིན་སྟབས་སྐྱོན་མི་འདུག ལོ་གཅིག་ངའི་རྨི་ལམ་དུ། ང་རང་རྩེ་ཕོ་བྲང་གི་ཐོག་ཁར་འབྲས་སྤུངས་ཕྱོགས་སུ་ཁ་བལྟས་ཏེ་བསྡད་འདུག དེ་ཡང་དཔལ་ལྡན་ལྷ་མོའི་ལྟོ་བའི་ནང་གནས་ཡོད་པ་དང༌། སྣང་བར་འོད་གསལ་འཆར་བཞིན་པ་ལྟ་བུ་འདུག སྐབས་དེར་འབྲས་སྤུངས་དགོན་པ་མིག་གིས་མཐོང་བའི་ཐོག རྣ་བའི་ནང་ལྷ་མོའི་འཕྲིན་བཅོལ་ཚོགས་ཆེན་གདངས་དབྱངས་དེ་རང་ལྷང་ལྷང་གོ་བཞིན་པ་ཞིག་ལ། མི་ཞིག་གིས་དེ་ྋརྒྱལ་བ་དགེ་འདུན་རྒྱ་མཚོས་འབྲས་སྤུངས་ཚོགས་འདོན་དུ་བཙུགས་པ་རེད། གདངས་དེ་ཡང་དགེ་འདུན་རྒྱ་མཚོས་བསླབ་པ་རེད་ཅེས་བརྗོད་མཁན་ཞིག་བྱུང༌། གོང་གི་ལོ་རྒྱུས་དེ་འདྲ་ཡིན་ཚེ་རྨི་ལམ་དེ་ཡང་འབྲེལ་བ་ཞིག་ཡོད་པ་ཡིན་ནམ་བསམ་བྱུང༌། དེར་བརྟེན་ལྷ་མོ་དང་རྒྱལ་པོ་སྐུ་ལྔ་ལྟ་བུ་ཚད་ཐུབ་ཀྱི་སྐྱེས་བུ་མང་པོས་དགོས་པ་རྒྱུ་མཚན་དུ་མའི་ཐོག་ནས་བཙུགས་པ་ཞིག་ཡིན་པ་དང༌། ཚད་ལྡན་ཞིག་ཡིན་དུས་བློ་བདེ་སང་སང་བྱེད་ཆོག་པ་ཞིག་རེད། དེ་ཚོ་ནི་འདོར་ཐབས་མེད་པ་ཞིག་རེད། ཚུར་ཙམ་དེར་རྙོག་ཁྲ་མང་པོ་ཡོད་པ་དང༌། དྲང་ངེས་ཀྱི་བཤད་པ་མང་པོ་རྒྱག་དགོས་མཁན་དེ་ཚོ་མི་དགོས་པ་ཞིག་རེད། ཅེས་བཀའ་སློབ་སྩལ།། །།

Menu