༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༧ རེས་གཟའ་སྤེན་པ་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༣༠ ནས་ ༥ བར་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་རྣམས་ལ་༼དོལ་རྒྱལ་སྐོར་ངོ་སྤྲོད་༽ཅེས་པའི་བརྗོད་གཞིའི་ཐོག་དཔལ་ལྡན་དགའ་ལྡན་ཕོ་བྲང་པ་ཆེན་པོའི་དྲུང་ ཆེ་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་གིས་གསུང་བཤད་གནང་བ་ནས་འདིར་དྲི་བ་དྲིས་ལན་རིགས་ཕུད་དེ་ཟུར་བཀོད་བྱས་པ་གཤམ་གསལ།
ཐོག་མར་གོ་སྒྲིག་གནང་མཁན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། ལས་བྱེད་རྣམ་པ་བཅས་པར་འཚམས་འདྲི་ཞུས་པ་དང་སྦྲགས་དོལ་རྒྱལ་དང་འབྲེལ་བའི་གནས་ཚུལ་མདོར་བསྡུས་ཤིག་སྙན་སེང་ཞུ་རྒྱུ་ཡིན། རྩ་བའི་དོལ་རྒྱལ་སྐོར་རྣམ་པ་ཚོས་མ་མཁྱེན་པ་དང་། མ་གསན་པ་ཞིག་ང་ལ་གསར་པ་ཞུ་རྒྱུ་གང་ཡང་མེད། འོན་ཀྱང་རང་རང་སོ་སོར་ཕྱག་ལས་མི་འདྲ་བ་ཡོད་པར་བརྟེན། ཐུགས་བསྙེལ་པ་འདྲ་ཡོད་ན། དྲན་གསོ་ལྟ་བུ་དང་། ཡང་བར་ལམ་ནས་ལས་བྱེད་གཞོན་པ་མང་པོ་ཕེབས་ཡོད་པར་བརྟེན། དེ་དག་གི་མཁྱེན་རྟོགས་ཆེད་ངས་གསལ་བཤད་ཕྲན་བུ་ཞུ་རྒྱུ་ཡིན།
ཚང་མས་མཁྱེན་གསལ་རེད། དོལ་རྒྱལ་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་ཕྱི་ལོ་ ༡༩༧༨ ལོར་བཀའ་སློབ་སྩལ་ཡོད་པ་རེད། དུས་དེ་ནས་བཟུང་ད་བར་ཧ་ལམ་མི་ལོ་ ༣༥ ལྷག་ཙམ་འགྲོ་ཡི་ཡོད། དོལ་རྒྱལ་གྱི་གནད་དོན་ཐོག་མར་༸གོང་ས་ལྔ་པ་ཆེན་པོའི་སྐུ་དུས་སུ་བྱུང་ཞིང་། བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོ་སྤྱི་ལོ་ ༡༦༤༢ ལོར་དབུ་བརྙེས་པ་རེད། དོལ་རྒྱལ་གྱི་གནས་ཚུལ་དེ་སྤྱི་ལོ་ ༡༦༥༦ ལོར་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་གཤེགས་རྗེས་ལྷགས་པ་ཞིག་རེད། སྐབས་དེར་དོལ་རྒྱལ་མ་གཏོགས་ཤུགས་ལྡན་དང་། རྒྱལ་ཆེན་ཤུགས་ལྡན། རྡོ་རྗེ་ཤུགས་ལྡན་ལ་སོགས་པའི་མིང་མི་འདྲ་བ་མེད། དོལ་རྒྱལ་ཟེར་བའི་མིང་དེ་ཐོབ་ཚུལ་ནི། དོལ་ཟེར་བ་བོད་ཀྱི་ལྷོ་ཁའི་ཁུལ་གྱི་ས་ཆ་གཅིག་གི་མིང་རེད། ཁོ་པ་དོལ་ཆུ་མིག་དཀར་པོར་གནས་པར་བརྟེན་དོལ་རྒྱལ་ཞེས་བརྗོད་པ་རེད།
སྤྱིར་ལུང་པའི་རྒྱལ་པོ་དང་། བཙན་པོ། མི་རྗེ། མིའི་གཙོ་བོ་སོགས་ལ་རྒྱལ་པོ་ཞེས་བརྗོད་སྲོལ་ཡོད། འོན་ཀྱང་སྐབས་འདིའི་རྒྱལ་པོ་ཞེས་པ་ནི་མི་མ་ཡིན་དང་། འབྱུང་པོ། དམ་སྲི་བཅས་ལ་གོ་དགོས། ཧིན་སྐད་དུ་ཚིག་མཛོད་ནང་བྷུཏ་ (booth) བྲིས་འདུག དེའི་དོན་ནི་གནོད་བྱེད་གཟུགས་མེད་གདོན་བགེགས་ལ་གོ། ༸གོང་ས་ལྔ་པ་ཆེན་པོས་དོལ་རྒྱལ་ཟེར་བ་དེ་བསྟན་པ་དང་འགྲོ་བར་གནོད་ཅིང་འཚེ་བ་བྱེད་མཁན་ཞིག་ཡིན་པར་གཟིགས་ནས་དམ་བསྒྲགས་ཆེན་པོ་མཛད་ཡོད། འོན་ཀྱང་བར་ལམ་ནས་དོལ་རྒྱལ་བསྟེན་མཁན་ཚོའི་དྲིལ་བསྒྲགས་ཡིག་ཆ་མང་པོའི་ནང་༸རྒྱལ་མཆོག་ལྔ་པ་ཆེན་པོས་དོལ་རྒྱལ་གྱི་འཕྲིན་བསྐུལ་ལྗགས་རྩོམ་མཛད་ཚུལ་དང་། བལ་ཡུལ་གཉའ་ནང་འཕེལ་རྒྱས་གླིང་དུ་ཡོད་པའི་དོལ་རྒྱལ་གྱི་འདྲ་སྐུ་དེ་༸རྒྱལ་བ་ ལྔ་པ་ཆེན་པོའི་ཕྱག་བཟོ་རེད་ཅེས་འུད་སྒྲོག་བྱེད་བཞིན་ཡོད། ༸གོང་ས་ལྔ་པ་ཆེན་པོ་དོལ་རྒྱལ་དམ་བསྒྲགས་མཛད་མཁན་ཐོག་མ་དེ་ཡིན་ཞིང་། གང་གི་གསུང་འབུམ་ཁག་ནང་དེ་འདྲ་གནང་བ་ཚིག་ཟུར་ཙམ་ཡང་མི་གསལ། བར་ལམ་རྒྱ་ནག་ནས་ཐོན་པའི་ཡིག་ཆ་ཁག་གི་ནང་༸གོང་ས་ལྔ་པ་ཆེན་པོ་ནས་བཟུང་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་བར་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱིས་བསྟེན་པ་རེད་ཅེས་བཤད་འདུག་ཀྱང་དོན་དངོས་ཐོག་༸རྒྱལ་མཆོག་ལྔ་པ་ཆེན་པོ་ནས་བཅུ་གསུམ་པ་ཆེན་པོའི་བར་སུ་གཅིག་གིས་བསྟེན་གནང་མཛད་མེད། ༸རྒྱལ་དབང་ཁོངས་ནས་དོལ་རྒྱལ་དང་ཐོག་མར་འབྲེལ་བ་བྱུང་ས་དེ་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ཡིན།
ཕྱི་ལོ ༡༩༥༠ ཐམ་པའི་ལོ་མཇུག་ཏུ་ཆམ་མདོ་རྒྱ་ལག་ཏུ་ཤོར་བ་རེད། དེ་ཤོར་བའི་ཛ་དྲག་གི་གནས་ཚུལ་ལ་བརྟེན་ནས་༸སྐྱབས་མགོན་རིན་པོ་ཆེ་ཉེན་གཡོལ་ཆེད་དུ་གྲོ་མོར་གདན་འདྲེན་ཞུས་ཏེ་གལ་ཏེ་གནས་སྟངས་ད་དུང་སྡུག་ཏུ་སོང་ན་རྒྱ་ གར་དུ་ཕེབས་ཆོག་དགོངས་བཞེས་གནང་ཡོད་པ་རེད། སྐབས་དེར་གློ་བུར་དུ་ཆིབས་སྒྱུར་བསྐྱངས་དགོས་པའི་རྒྱུ་མཚན་གྱི་ཐོག་ནས་གནས་དགའ་གཉིས་ཀྱི་སྐུ་རྟེན་ཆིབས་ཞབས་ལྷན་རྒྱས་ལ་བཅར་ཐུབ་མེད། དུས་ཚོད་གང་ཙམ་རྗེས་སྐུ་འཁོར་ནང་ནས་ཁག་གཅིག་གིས་ལྷ་སར་རྒྱ་མི་བསླེབས་ཡོད་པར་བརྟེན་རྒྱ་གར་དུ་ཆིབས་སྒྱུར་བསྐྱངས་ན་མ་གཏོགས་འགན་བཟོད་ཀྱི་མ་རེད། ཅེས་པའི་དགོངས་ཚུལ་གཅིག་དང་། ཁག་གཅིག་གིས་ལྷ་ལྡན་དུ་ཞབས་སོར་འཁོད་དེ་རྒྱ་མི་དང་ཞི་མཐུན་ཡོང་ཐབས་བྱེད་དགོས་ཞེས་དགོངས་ཚུལ་མི་མཐུན་པ་ཁག་གཉིས་བྱུང་བ་རེད། དེ་སྐབས་༸གོང་ས་མཆོག་དགུང་ལོ་ ༡༦ རེད། དེ་དང་འབྲེལ་བའི་བཀའ་སློབ་ནང་། དེའི་སྐབས་སུ་སྐུ་ན་ཕྲ་བ་དང་། འཇིག་རྟེན་གྱི་སྲིད་དང་། ཆོས་ཕྱོགས་ཀྱི་འགྲོ་སྟངས་རང་མགོ་ཐོན་པ་གང་ཡང་མེད། ཅེས་བཀའ་ཕེབས་ཡོད་པ་ལྟར། ཛ་དྲག་གི་གནས་ཚུལ་དེ་འདྲའི་སྐབས་སུ་ཅི་བྱས་ཐག་གཅོད་གནང་རྒྱུ་མཛད་དཀའ་བྱུང་བའི་སྐབས་དེར། བཞུགས་འཇགས་གནང་ཡུལ་གྲོ་མོ་དུང་དཀར་དགོན་པ་ཡིན་པ་དང་། དུང་དཀར་དགོན་པའི་ནང་དུ་དོལ་རྒྱལ་གྱི་རྟེན་གཞི་ཡོད། ༸སྐྱབས་རྗེ་ཕ་བོང་ཁ་པ་དང་མཚན་ཞབས་དར་ཧན་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེར་དད་ཞེན་སོགས་ཀྱིས་རྐྱེན་པས་འབྲེལ་བ་ཐོག་མ་ཆགས་འདུག
ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཆིབས་སྒྱུར་བསྐྱངས་ཏེ་ཐོག་མར་མ་སུ་རི་དང་། དེ་ནས་བཞུགས་སྒར་ཕོ་བྲང་རྙིང་པར་བཞུགས་གདན་འཇགས་པ་རེད། ཕྱི་ལོ་ ༡༩༦༨ ལོར་ཕོ་བྲང་གསར་པར་སྤོ་གནང་མཛད་རྗེས་གནས་ཆུང་ཆོས་རྒྱལ་ཆེན་པོས་དོལ་རྒྱལ་དང་འབྲེལ་བ་གནང་རྒྱུ་མཚམས་འཇོག་གནང་དགོས་པའི་གསོལ་འདེབས་ཞུས་འདུག འོན་ཀྱང་༸གོང་ས་མཆོག་གིས་དོ་དོ་ཏན་ཏན་མཛད་ནས་ཐག་གཅོད་མཛད་རྒྱུའི་དགོངས་བཞེས་མཛད་པ་མ་གཏོགས་གནས་ཆུང་གི་བཀའ་ལུང་ལ་ལམ་སེང་ཆ་འཇོག་གནང་མེད། དེ་ནས་བཟུང་དོལ་རྒྱལ་མུ་མཐུད་བསྟེན་ན་དེར་སྐྱོན་ཞིག་ཡོད་པར་གཟིགས་ཏེ་སྔར་གྱི་ལོ་རྒྱུས་དང་། ༸རྒྱལ་བ་ལྔ་པ་ཆེན་པོའི་སྐབས་དོལ་རྒྱལ་ཐོག་མར་བྱུང་སྟབས་རྣམ་ཐར་ཡོངས་རྫོགས་དང་། འབྲེལ་ཡོད་སྐྱེས་ཆེན་གཞན་གྱི་རྣམ་ཐར་ཁག་ལ་ཐུགས་ཞིབ་དང་། དེ་བཞིན་ཆོས་ཕྱོགས་ནས་ཕྱག་མོ་དང་། ཟན་བརྟག དེ་བཞིན་གཟིམ་ལམ་གྱི་མཚན་མ་སོགས་ཐམས་ཅད་རྩེ་མཐུན་བྱུང་བ་ལྟར་ཕྱི་ལོ་ ༡༩༧༥ ལོ་མཇུག་ནས་དོལ་རྒྱལ་གྱི་བསྐང་གསོ་འཕྲིན་བསྐུལ་གསུང་འདོན་གནང་རྒྱུ་བཞག་སྟེ་ ཕྱི་ལོ་ ༡༩༧༨ ལོར་ཐོག་མར་གསལ་བསྒྲགས་མཛད་པ་ནས་བཟུང་བོད་པའི་གཞིས་ཆགས་ཁག་དང་། ཆོས་སྒར་ཁག་བཅས་པར་དོལ་རྒྱལ་བསྟེན་གསོལ་བྱས་ན་ཁེ་ལས་གྱོང་ཆེ་བ་དང་། ཕན་ལས་གནོད་ཆེ་བ། དགེ་ལས་སྐྱོན་ཆེ་བ་ཡོད་པའི་སྐོར་སྔ་ཕྱི་བར་གསུམ་དུ་བླང་དོར་གྱི་བཀའ་སློབ་རིམ་ཅན་དུ་ཕེབས་ཡོད། འོན་ཀྱང་ཉན་དང་མ་ཉན་མང་ཚོགས་རང་རང་སོ་སོའི་རང་དབང་གིས་ཐག་གཅོད་བྱེད་རྒྱུར་བཞག་པ་གནང་བ་ལས་རལ་གྲི་གནམ་གཡུག་ལྟ་བུའི་ཐག་གཅོད་གང་ཡང་གནང་མེད།
དམ་བསྒྲགས་མཛད་དོན་བཀའ་སློབ་སྩལ་བ་ཁག་ནས་རྡོག་སྒྲུག་བརྒྱབ་སྟེ་ཞུས་ན། དང་པོ། དེ་༸རྒྱལ་བ་ལྔ་པ་ཆེན་པོའི་སྐབས་སུ་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོ་ཐོག་མར་དབུ་བརྙེས་པ་རེད། དེ་འདྲ་ཡིན་དུས་ད་ལྟ་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸རྒྱལ་བ་ལྔ་པ་ཆེན་པོའི་ཁྲིའི་སྟེང་བཞུགས་ཡོད་པར་སོང་། ༸རྒྱལ་བ་ལྔ་པ་ཆེན་པོས་ཕྱག་ལས་དབུ་འཛུགས་མཛད་པ་དེ་མཇུག་སྐྱོང་གནང་རྒྱུ་དེ་ཁོང་གི་ཐུགས་འགན་ཡིན་པ་དགོངས་ཀྱི་ཡོད། གཉིས་པ། ང་ཚོ་ཚང་མ་ནང་པ་སངས་རྒྱས་པ་རེད། ནང་པའི་གཞུང་ནས་སྐྱབས་གནས་དཀོན་མཆོག་གསུམ་ཁས་ལེན་ཕྱིན་འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་འགྲོ་ན་སྐྱབས་འགྲོའི་བསླབ་བྱ་དང་འགལ་ཏེ་སྐྱབས་འགྲོ་སྟོང་གི་ཡོད། སྤྱིར་གཞུང་བསྟེན་སྲུང་མ་དམར་ནག་གཉིས་ལ་མཚོན་ན། དཔལ་ལྡན་ལྷ་མོ་འཇིག་རྟེན་ལས་འདས་པའི་སྲུང་མ་ཡིན་དུས་སྐྱབས་སུ་འགྲོ་ཆོག་གི་ཡོད། གནས་ཆུང་རྒྱལ་བ་རིགས་ལྔའམ་བདེ་གཤེགས་རིགས་ལྔའི་ངོ་བོ་ཡིན་ནའང་རྣམ་པ་འཇིག་རྟེན་དྲེགས་པའི་ཚུལ་དུ་ཕེབས་ཡོད་སྟབས། མི་དང་མ་སོང་ན་གྲོགས་པོ་བློས་ཐུབ་ཚད་ལྡན་ཞིག་ལ་ངོས་འཛིན་གྱིས་གྲོགས་དང་འཕྲིན་ལས་བསྐུལ་ན་འགྲིགས་པ་རེད། འོན་ཀྱང་ཕྱག་འཚལ་བ་དང་སྐྱབས་སུ་སོང་ན་ནང་པའི་གྲས་ནས་རང་བཞིན་གྱིས་བུད་འགྲོ་གི་ཡོད།
དོལ་རྒྱལ་བསྟེན་མཁན་ཚོས་ཐོག་མར་འཇམ་མགོན་རྒྱལ་བའི་བསྟན་སྲུང་ཡིན་ཞེས་བཤད། དེ་རྗེས་ཡི་དམ་ཡིན་ཞེས་གསང་བ་འདུས་པ་ལྷ་ ༣༢ དང་དོལ་རྒྱལ་ལྷ་སོ་གཉིས་ངོ་བོ་གཅིག་མཚུངས་ཡིན་ལུགས་བཤད། དེང་སང་སེངྒ་པུར་ནས་བཏོན་པའི་ཡིག་ཆ་དེ་དག་གི་ནང་ (Buddha of Campassion, Intelligence and Healing) ཞེས་སྙིང་རྗེ་དང་ཤེས་རབ་སོས་བྱེད་བཅས་པའི་སྟོན་པ་ཡིན་ཞེས་སྨྱོ་ལབ་བྱས་འདུག མགོ་འབུལ་ལུས་འབུལ་བྱས་པ་དེ་ནང་ཆོས་ཀྱི་འགྲོ་སྟངས་དང་ཡོངས་སུ་འགལ་བ་རེད། ༸གོང་ས་ཆེན་པོས་གནས་ལུགས་མཁྱེན་པའི་ཐོག་ནས་ལམ་ནོར་ཡོ་བསྲང་གནང་རྒྱུ་གང་གི་ཐུགས་འགན་དུ་གཟིགས་ནས་ལམ་སྟོན་གནང་བ་ཞིག་རེད། གསུམ་པ། རི་བོ་དགེ་ལུགས་པའི་བསྟན་པ་ཕྱི་གཙང་ནང་གཙང་དེ་བར་སྐབས་ནས་ལྷ་ཀླུ་གསོལ་མཆོད་ ཀྱི་ལམ་དུ་སོང་བར་དག་ཐེར་དང་། བཞི་པ། བོད་བསྟན་སྲིད་སྤྱིའི་འཕྲལ་ཕུགས་ཀྱི་བདེ་རྩར་དགོངས་ནས་འཛེམས་ཟོན་དང་སྙན་ཅོག་འཇམ་ཐབས་དོར་ཏེ་སྤང་བླངས་བཀའ་སྩལ་བ་ཞིག་རེད། ལྔ་པ། གཞུང་བསྟེན་སྲུང་མ་དམར་ནག་གཉིས་དང་། སྐྱེས་བུ་གསུམ་གྱི་སྲུང་མ་དང་འཁོན་གྲས་ཡོང་མུས་དེས་བོད་བསྟན་སྲིད་སྤྱིར་གོད་ཆགས་ཡོང་ཉེན་ཡོད། དྲུག་པ། ༸གོང་ས་༸སྐྱབས་མགོན་ཆེན་པོས་ཆོས་ལུགས་རིས་མེད་ཐོག་ཐུགས་བརྩོན་གྱིས་ཆོས་ལུགས་རིས་མེད་ཕྱག་བཞེས་མཛད་བཞིན་ཡོད། ༸གོང་ས་མཆོག་གིས་རིས་མེད་ཀྱི་བླ་མ་ཉི་ཤུ་རྩ་གྲངས་བསྟེན་གནང་མཛད་པའི་ནང་ནས་གཅིག་མ་གཏོགས་ཚང་མ་དོལ་རྒྱལ་ལ་དགག་པ་གནང་མཁན་ཤ་སྟག་ཡིན།
དོལ་རྒྱལ་བསྟེན་ན་བསྟན་སྲིད་ལ་གནོད་ཀྱི་འདུག་ཅེས་པའི་དོན་ནི། ཕྱི་ལོ་ ༡༩༣༣ ལོར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཞིང་གཤེགས་རྗེས་དོལ་རྒྱལ་བསྟེན་གསོལ་ཁྱབ་སྤེལ་ཤུགས་ཆེན་པོ་ཆགས་པ་རེད། མདོ་སྨད་ཁུལ་ལ་ཞུ་རྒྱུ་མེད། འོན་ཀྱང་ཁམས་ཕྱོགས་དང་དབུས་ཀྱི་ས་ཁུལ་མང་པོའི་ནང་དོལ་རྒྱལ་བསྟེན་གསོལ་ཤུགས་ཆེ་རུ་ཕྱིན་པ་དེས་བོད་གངས་ཅན་གྱི་ལྗོངས་ལ་ལྷག་པར་དུ་བཀའ་དྲིན་ཆེ་བ་སློབ་དཔོན་རིན་པོ་ཆེའི་སྐུ་བརྙན་མང་པོ་ཆུར་གཡུག་སྟེ་གཏོར་བཤིག་བཏང་བ། དེ་བཞིན་པདྨ་བཀའ་ཐང་ལ་སོགས་པ་མེར་སྲེག་པ། བཛྲ་གུ་རུ་བགྲང་ན་ཕན་ཡོན་མེད་རབས་སོགས་དྲིལ་བསྒྲགས་བྱས་པ། ལྡེབས་རིས་ཐོག་རྙིང་མའི་ཞི་ཁྲོའི་ལྷ་ཚོགས་ཡོད་པ་དེ་དག་ནག་བསུབ་བཏང་བ་སོགས་བོད་མི་ནང་ཁུལ་ལ་རྙོག་དྲ་ཧ་ཅང་ཆེན་པོ་ཞིག་བཟོས་ཡོད། གལ་ཏེ་དེ་སྐབས་དེང་སང་ནང་བཞིན་རླུང་འཕྲིན་དང་དྲ་རྒྱ། ཚགས་པར། ཁ་པར་ལ་སོགས་པའི་མཐུན་རྐྱེན་ཡོད་པ་ཡིན་ན་རྙོག་དྲ་འབ་སུ་མ་འདུས་པ་ཡོང་སྲིད་པ་རེད། དེས་རྐྱེན་པས་བཅོམ་ལྡན་འདས་ཀྱི་རྗེས་འཇུག་དགོན་སྡེ་ཕན་ཚུན་དང་། མི་མང་ནང་ཁུལ་མ་མཐུན་པ་དང་། གཅིག་གིས་གཅིག་ལ་ཡིད་མ་ཆེས་པ་དང་། མ་དགའ་བ་བྱས་ཏེ་རྒྱང་ཐག་རིང་དུ་བཏང་བ་སོགས་གང་ལྟར་བོད་སྤྱིའི་ནུས་པ་ཁ་བྲལ་ཏེ་རྡོག་ལ་སྒྲིལ་མ་ཐུབ་པར་དུམ་བུ་མང་པོ་ཞིག་ཆགས་ཉེན་ཡོད་པའི་རྒྱུ་མཚན་གྱིས་ ཡིན།
དོལ་རྒྱལ་རྗེས་འབྲང་པ་ཚོས་ཡ་མཚན་པ་ཞིག་ལ་དགེ་ལུགས་པ་ཞིག་གིས་རྙིང་མ་དང་ས་སྐྱ། བཀའ་བརྒྱུད་སོགས་ཆོས་ལུགས་གཞན་གསན་བསམ་བྱས་ན། དོལ་རྒྱལ་གྱིས་ཚར་གཅོད་བྱེད་ཀྱི་རེད། ཅེས་ཞེད་སྣང་བསྐུལ་བ་ནི་དོན་དུ་ནང་འགལ་ཡིན། རི་བོ་དགེ་ལུགས་པའི་བསྟན་པའི་བདག་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་ ཆེན་པོ་རེད། དགེ་ལུགས་ཀྱི་བསྟན་པ་མ་དར་གོང་རྙིང་མ་དང་བཀའ་བརྒྱུད། ས་སྐྱ། བཀའ་གདམས་པ་བཅས་དར་ཡོད། རྗེ་རིན་པོ་ཆེ་རང་ཉིད་ཀྱིས་ཀརྨ་པ་རོལ་པའི་རྡོ་རྗེ་ལས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་བཞེས་པ་དང་། ས་སྐྱའི་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་བློ་བཟང་གྲགས་པ་ཞེས་གསོལ། འབྲི་གུང་སྤྱན་སྔ་བ་ཆོས་ཀྱི་རྒྱལ་པོ་ལས་ཐེག་ཆེན་གྱི་སེམས་བསྐྱེད་ཞུས། ས་སྐྱ་བ་དཀའ་བཞི་ཚུལ་ཁྲིམས་རིན་ཆེན་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་བཞིན་རི་བོ་དགེ་ལུགས་པའི་ཐུན་མོང་མིན་པའི་ཕྱག་བཞེས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་དབང་ཞུ་ས་དེ་ཡང་ས་སྐྱའི་བླ་མ་ཞིག་ཡིན། གཞན་ཡང་རྗེ་ཙོང་ཁ་པ་ཆེན་པོས་གཞུང་ཆེན་གསན་ས་ས་སྐྱའི་བླ་མ་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ཞེས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་དེ་ཉིད་དགེ་བའི་བཤེས་གཉེན་གཙོ་བོར་བསྟེན། ཇོ་ནང་ཆོས་རྗེ་ལས་སྦྱོར་དྲུག་དང་བུ་སྟོན་དངོས་སློབ་ལས་དུས་འཁོར། རྙིང་མའི་ཕྱོགས་ནས་གྲུབ་ཆེན་ལས་ཀྱི་རྡོ་རྗེའམ་ལྷོ་བྲག་གྲུབ་ཆེན་ལས་བཀའ་གདམས་ལམ་རིམ་སོགས་ཆོས་བཀའ་མང་པོ་གསན་ཡོད།
ལྷག་པར་ཁོང་གིས་ལུང་བསྟན་པ་ལྟར་གདན་སའི་མཚན་ལ་རི་བོ་དགེ་ལྡན་པའམ་དགེ་ལུགས་ཞེས་གསོལ་ཡོད། རི་བོ་དགེ་ལུགས་པས་གཙིགས་ཆེར་འཛིན་པའི་དཔལ་གསང་བ་འདུས་པ་ཡང་སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ལས་བརྒྱུད་པ་ཞིག་ཡིན། དེར་བརྟེན་རྗེ་རིན་པོ་ཆེ་མ་ཕེབས་གོང་དུ་རྙིང་མ། བཀའ་བརྒྱུད། ས་སྐྱ། ཇོ་བོ་བཀའ་གདམས་པ། ཇོ་ནང། བུ་སྟོན་བཅས་ཀྱི་བླ་མ་བརྒྱ་དང་ལྔ་བཅུ་ཙམ་བསྟེན་པ་གནང་ཡོད། དགེ་ལུགས་པའི་བསྟན་པའི་བདག་པོས་ཆོས་ལུགས་གྲུབ་མཐའ་དེ་དག་སྟོན་པ་བཅོམ་ལྡན་འདས་ལས་བྱུང་བའི་ཆོས་ལུགས་གཅིག་གྱུར་ཡིན་པ་གཟིགས་ནས་ཆོས་ལུགས་དེ་དག་གི་བླ་མ་བརྒྱ་དང་ལྔ་བཅུ་ཙམ་བསྟེན་པ་གནང་ནས་ཉམས་བཞེས་མཛད་མཁན་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་སྐྱེས་ཆེན་ཞིག་གི་རྗེས་འཇུག་ཡིན་ཟེར་མཁན་དེ་ཚོས་ཆོས་ལུགས་ཕན་ཚུན་ ཉམས་བཞེས་གནང་ན་དོལ་རྒྱལ་གྱིས་གནོད་ཀྱི་རེད། ཟེར་རྒྱུ་འདི་ནང་འགལ་ཤིན་ཏུ་ཆེན་པོ་ཞིག་རེད། བདུན་པ། ༸སྐྱབས་མགོན་རིན་པོ་ཆེ་གཞིས་ཆགས་ཁག་མང་པོར་ཆིབས་སྒྱུར་བསྐྱངས་སྐབས་རྒན་རྒོན་དང། ནད་པ་སོགས་མང་དག་ཅིག་༸གོང་ས་མཆོག་མཇལ་ཁར་བཅར་སྐབས་ཕལ་ཆེ་བས་དོལ་རྒྱལ་གྱིས་གནོད་པ་དང་། བར་ཆད་སོགས་ཡོང་ཚུལ་༸སྙན་སེང་ཞུ་མཁན་ཇི་སྙེད་ཅིག་བྱུང་ཡོད། བསྟན་པ་དེ་འཛིན་དང་བཅས་པ་སྲུང་མཁན་དངོས་གནས་ཤིག་ཡིན་ན། མི་མང་ཉམ་ཆུང་དེ་དག་ལ་གྲོགས་དང་འཕྲིན་ལས་བྱེད་དགོས་པ་ལས་གནོད་པ་བསྐྱལ་དུས་ བསྟན་པ་སྲུང་མཁན་ཞིག་མིན་པའི་རྟགས་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་༸གོང་ས་མཆོག་གིས་དམ་བསྒྲགས་མཛད་དགོས་བྱུང་བ་རེད།
དེ་ནས་བར་ལམ་དོལ་རྒྱལ་བསྟེན་མཁན་ཚོས་༸གོང་ས་མཆོག་གིས་ཆོས་དད་རང་མོས་སྤྲོད་ཀྱི་མི་འདུག ཅེས་གནད་དོན་འདིའི་ཐོག་སྐད་ཅོར་ཤུགས་ཆེན་པོ་རྒྱག་བཞིན་ཡོད། ༸གོང་ས་མཆོག་གིས་སྩལ་བའི་བཀའ་སློབ་སྔ་ཕྱི་བར་གསུམ་ལ་ཞིབ་འཇུག་བྱས་ན། ཆོས་བྱེད་དང་མ་བྱེད་རང་རང་སོ་སོའི་འདོད་པ་རེད། ཆོས་བྱས་པའི་དབང་དུ་བཏང་ནའང་ཆོས་ལུགས་གང་ཞིག་བྱེད་མིན་སོ་སོའི་འདོད་པ་རེད། དེ་བཞིན་སྲུང་མ་གང་བསྟེན་དང་མི་བསྟེན་ཡང་སོ་སོའི་རང་དབང་རེད། ཡིན་ནའང་དོལ་རྒྱལ་བསྟེན་མཁན་ཞིག་ཡིན་ཕྱིན་༸གོང་ས་མཆོག་གི་དྲུང་ནས་ཆོས་ཉན་ དུ་མ་ཡོང་ཞེས་དང་། དེ་བཞིན་༸གོང་ས་མཆོག་གི་སྐུ་དྲུང་ནས་དགེ་ཚུལ་སློང་གི་སྡོམ་པ་ཞུ་བར་ཡོང་ན་ འགྲིག་གི་མ་རེད་ཅེས་བཀའ་སྩལ་བ་བླ་མའི་སྐུ་དབང་ཡིན། ༸གོང་ས་མཆོག་གིས་ཡང་ཡང་སྐུ་རྩེད་དང་སྦྲགས་ནས། ཁ་ཆེ་ཕ་ལུས་སྙིང་གཏམ་བཤད་ཡོད་དོ། ཉན་དང་མི་ཉན་སོ་སོའི་བསམ་བློ་རེད་ཅེས་མཇུག་སྡོམ་མཛད་བཞིན་ཡོད། འོན་ཀྱང་དོལ་རྒྱལ་རྗེས་འབྲང་པ་ཚོས་བར་ལམ་དགོས་པའི་དབང་གིས་ཆེད་མངགས་བཀག་འགོག་ (Ban) ཅེས་པའི་ཚིག་འདི་བེད་སྤྱོད་བྱས༌ནས་དོལ་རྒྱལ་བསྟེན་གསོལ་བཀག་འགོག་མཛད་པ་དང་བསྟེན་ཆོག་གི་མེད་པའི་བཙན་བཀའ་བཏང་གནང་མཛད་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད།
ཕྱོགས་གཞན་ནས་བཤད་ན། དོལ་རྒྱལ་བསྟེན་མཁན་གྱིས་༸རྒྱལ་བའི་བཀའ་ལ་བརྩི་གི་མེད་པས་དམ་ཉམས་ཀྱི་ཉེས་པ་ མི་འབྱུང་ཆེད་བླ་སློབ་གཉིས་ཀར་ཐུགས་འགན་བཞེས་པ་ཡིན། དམ་ཚིགས་ཉམས་པ་ནི། ས་བོན་མེ་ཡིས་འཚིག་པ་ལ། མྱུ་གུ་ལྗང་ཁུ་མི་འབྱུང་བ་ཇི་བཞིན་ཕན་གནོད་ཀྱི་འབྲེལ་བ་ཆེན་པོ་ཡོད་པ་རྟེན་འབྲེལ་ལྟོས་གྲུབ་ཡིན་པ་མཁྱེན་དགོས། ཁ་ཆེའི་ཆོས་བྱེད་མཁན་ཞིག་ལ་ཆ་བཞག་ན་ཤིཡཱ་ (Shia) དང་། སུ་ནི་(Sunni) གཉིས་ཀ་ཁ་ཆེ་རེད། གཉིས་ཀས་ཀུ་རན་ཁས་ལེན་གྱི་ཡོད། འོན་ཀྱང་ཤི་ཡཱ་རྗེས་འཇུག་པས་སུ་ནིའི་སྲོལ་ལུགས་ལ་ཁས་ལེན་གྱི་མེད། དཔེ་དེ་བཞིན་དུ་ང་ལ་ཁང་པ་ཞིག་ཡོད་པ་ཆ་བཞག ངས་ཁང་གླ་གཏོང་སའི་མོ་ཡན་དེ་ཚོར་ནག་ཚོང་རྒྱག་མཁན་དང་ཉལ་ཐག་འཐེན་མཁན་ལ་ཁང་གླ་གཏོང་གི་མིན་ཞེས་བཀག་པ་འདི་ཁང་བདག་གི་དབང་ཚད་རེད། རྒྱ་ནག་དམར་པོའི་ཏང་གི་སྒྲིག་འཛུགས་ནང་ཆོས་ལ་དད་པ་བྱེད་མཁན་གཅིག་ཡོད་པ་ཤེས་རྟོགས་བྱུང་བ་ཡིན་ན། ཏང་གི་སྒྲིག་འཛུགས་ནས་ཕྱིར་འབུད་དང་སྦྲགས་ཉེས་པ་གཏོང་གི་རེད། དེར་བརྟེན་ཆོས་ལུགས་གང་དང་གང་བྱས་ཀྱང་དེར་འགྲོ་སྟངས་ལམ་ལུགས་ཤིག་ཡོད་པ་དེའི་མཚམས་ལས་མ་བརྒལ་བ་འགྲོ་དགོས་པ་ལས་དེ་དང་འགལ་བ་ཞིག་བྱས་པ་ཡིན་ན་མ་འགྲིག་པ་རེད། འོན་ཀྱང་ཡ་མཚན་ཤོས་ཤིག་ལ་དོལ་རྒྱལ་རྗེས་འབྲང་པ་ཚོས་ཡང་ནས་ཡང་དུ་༸གོང་ས་མཆོག་གིས་བཀའ་མ་སྩལ་བ་ཞིག་བཀའ་སྩལ་སོང་ཞེས་ཧམ་པ་ཆེ་མདོག་བྱེད་ཀྱི་འདུག དཔེར་ན། བོད་རྒྱ་ཞི་མོལ་གྱི་འབྲེལ་བར་ཆ་མཚོན་ན། ༸གོང་ས་མཆོག་གིས་འདས་པའི་གནས་ཚུལ་གང་ཡིན་རུང་མིན་རུང་ད་ལྟའི་དངོས་ཡོད་གནས་ཚུལ་ཐོག་ང་ཚོས་གཉིས་སྨན་དབུ་མའི་ཐབས་ལམ་ཐོག་ནས་རྩོད་ཀྱི་ཡོད། ཅེས་ཞེ་ས་མ་ཞུས་ན་མ་ཎི་ལྟར་བགྲང་བ་གནང་གི་ཡོད།
འོན་ཀྱང་རྒྱ་དམར་ནས་ཆེད་མངགས་དགོས་པའི་དབང་གིས་༸གོང་ས་མཆོག་གིས་རང་བཙན་དང་ཕྱེད་རང་བཙན། མངོན་པར་མི་གསལ་བའི་རང་བཙན། རྣམ་པར་འགྱུར་བའི་རང་བཙན་བཅས་རྩོད་ཀྱི་ཡོད་ལུགས་རང་སྣང་གང་དྲན་གྱི་འགྲེལ་བཤད་འདྲ་མིན་སྣ་ཚོགས་རྒྱག་པ་ཇི་བཞིན་དོལ་རྒྱལ་རྗེས་འབྲང་པ་ཚོས་ཀྱང་༸གོང་ས་མཆོག་གིས་དོལ་རྒྱལ་བསྟེན་གསོལ་ཆོག་གི་མ་རེད། ཅེས་བཀག་སྡོམ་མཛད་པའི་སྐྱོན་འཛུགས་ཞུ་བཞིན་ཡོད། དེ་ཚོ་དངོས་འབྲེལ་ཡིན་མིན་མོན་གྷོ་ལྟ་བུར་མཚོན་ན། ཤར་དགའ་ལྡན་གྱིས་དོལ་རྒྱལ་བསྟེན་གསོལ་བྱས་དང་བྱེད་བཞིན་པ་རེད། བསྟེན་གསོལ་བྱེད་ཆོག་དང་མི་ཆོག་ཟེར་ནས་རྩོད་པ་རྒྱག་མཁན་སུ་གཅིག་མེད། དེ་བཞིན་སྦེལ་ཀོབ་ཏུ་སེར་སྤོམ་ཟེར་བའི་ནང་དུ་དོལ་རྒྱལ་བསྟེན་གསོལ་བྱས་དང་བྱེད་མུས་རེད། ཁོང་ཚོར་དོལ་རྒྱལ་བསྟེན་གསོལ་ཆོག་གི་མ་རེད། ཅེས་སུ་གཅིག་གིས་བརྗོད་མྱོང་མེད། དབྱིན་ཡུལ་སྐལ་བཟང་རྒྱ་མཚོའི་ཆོས་ཚོགས་ནང་༸རྒྱལ་བ་རིན་པོ་ཆེའི་སྐུ་དཔར་བཤམས་ན་འགྲིག་གི་མེད། ངའི་མདུན་ནས་ཆོས་ཉན་ཕྱིན་ཆད་༸རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ནས་ཆོས་ཞུས་ན་འགྲིག་གི་མ་རེད། ཅེས་ཁྱབ་བསྒྲགས་བྱས་ཡོད། དེ་ལ་རྩོད་པ་རྒྱག་མཁན་སུ་གཅིག་མེད། ཁོ་རང་ཚོས་དེ་ལྟར་བྱེད་ཆོག་པ་ཞིག་ལ། ༸སྐྱབས་མགོན་རིན་པོ་ཆེས་དོལ་རྒྱལ་སྐོར་བཀའ་སློབ་ཕེབས་པར་ཁོང་ཚོས་ཆེད་མངགས་ གནས་ཚུལ་ཆེན་པོ་བཟོས་ནས་བེད་སྤྱོད་ལོག་པ་གཏོང་གི་འདུག བྱེད་སྟངས་དེ་ཚོ་ང་ཚོས་གསལ་པོ་ཤེས་པ་བྱ་རྒྱུ་གནད་འགག་མཐོང་གི་འདུག
བར་ལམ་ནས་དོལ་རྒྱལ་སྟེན་མཁན་ཚོས་ཁ་ནས་དོལ་རྒྱལ་དང་ཆོས་དད་རང་མོས་ཟེར་གྱི་ཡོད་ཀྱང་། དོན་དངོས་ཐོག་༸རྒྱལ་བ་རིན་པོ་ཆེར་ཐད་ཀར་དམིགས་ནས་ (Target) ཉེས་འཛུགས་བྱེད་ཀྱི་ཡོད། རྒྱ་གཞུང་གི་སྲིད་བྱུས་ལ་ང་ཚོས་ཉམས་ཞིབ་བྱས་ན། ཕྱི་ལོ་ ༡༩༩༣ ལོར་ཟི་ཁྲོན་གྱི་གྲོང་ཁྱེར་ཁྲིན་ཏུར་རྒྱ་གཞུང་གིས་གསང་བའི་ཚོགས་འདུའི་ཐོག་གྲོས་ཆོད་གཅིག་བཞག་པའི་ནང་། ཆོས་ལུགས་ཀྱི་སྒྲིག་འཛུགས་ཁག་ནང་འཛུལ་ཞུགས་ཐེ་ཇུས་ཀྱིས་བོད་མིའི་ལས་འགུལ་ཁ་བྲལ་གཏོང་རྒྱུ་ཞེས་གསལ་འདུག ཆོས་ལུགས་ཀྱི་ལས་འགུལ་ཟེར་དུས་དོལ་རྒྱལ་བསྟེན་མཁན་ཚོས་སྤྱོད་པ་སློག་སྟེ་བོད་མིའི་སྤྱི་ཚོགས་ནང་རྙོག་དྲ་བཟོ་མུས་ཀྱི་སེར་ཀ་གང་དུ་ཡོད་པ་དེའི་དཀྱིལ་དུ་འཚང་ནས་ཆེ་རུ་གཏོང་ཐབས་ཀྱི་སྲིད་བྱུས་བཟུང་བ་ཞིག་ཡིན་། ཕྱི་ལོ་ ༡༩༩༨ ལོར་སླར་ཡང་ཟི་ཁྲོན་གྱི་གྲོང་ཁྱེར་ཁྲིན་ཏུར་གསང་ཚོགས་ཀྱི་ཡིག་ཆ་ཨང་ ༡༡ ནང་དོལ་རྒྱལ་ཚོགས་པ་དང་འབྲེལ་བ་དམ་ཟབ་བྱ་རྒྱུ་ཞེས་ཚིག་ཁ་གསལ་པོ་བཀོད་འདུག ཕྱི་ལོ་ ༢༠༡༠ ལོར་ཀྲུང་གོའི་བོད་རིག་པའི་དུས་དེབ་ཅེས་པ་གཞུང་འབྲེལ་དུས་དེབ་འདོན་ཐེངས་གཉིས་པའི་ནང་ཏཱ་ལའི་རུ་ཚོགས་དང་འགྲན་རྒོལ་བྱེད་ཐུབ་པའི་ཕྱི་སྡོད་བོད་རིགས་སྤུན་ཟླའི་སྟོབས་ཤུགས་གསོ་སྐྱོང་བྱེད་རྒྱུ་ཞེས་འཁོད་འདུག དེ་དག་གིས་ག་རེ་མཚོན་གྱི་འདུག་ཅེ་ན། བོད་ཕྱི་ལ་ཡོད་པའི་བཙན་བྱོལ་ནང་༸རྒྱལ་བ་རིན་པོ་ཆེ་དང་། བོད་མིའི་སྒྲིག་འཛུགས་ལ་ཁ་གཏད་དང་། གདོང་ལེན། ངོ་རྒོལ་བྱེད་མཁན་དེ་ཚོ་བདག་པོ་བརྒྱབ་སྟེ་གསོ་སྐྱོང་བྱེད་དགོས་ཞེས་ཁ་གསལ་པོ་བྱས་ཏེ་བཤད་འདུག
ཕྱི་ལོ་ ༢༠༡༡ ལོར་པེ་ཅིང་དུ་ཚོགས་འདུ་ཞིག་གི་སྐབས་སུ་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བསྡོམས་ནང་དོལ་རྒྱལ་བསྟེན་གསོལ་ཐོག་འབྲེལ་བ་གང་འདྲ་བྱས་དང་། འགྲོ་གྲོན་གང་བཏང་བ་སོགས་ཁོང་ཚོའི་ལས་བསྡོམས་ནང་གསལ་ཡོད། བར་ལམ་ནས་དོལ་རྒྱལ་བསྟེན་མཁན་ཚོའི་ལས་འགུལ་མང་པོ་ཞིག་རྒྱ་གཞུང་གི་སྲིད་བྱུས་དང་མཚུངས་པ་བྱེད་ཀྱི་འདུག འགྲེལ་བཤད་རྒྱས་པོ་དགོས་གལ་མི་འདུག ཉེ་ཆར་བོད་ཀྱི་བང་ཆེན་ཚགས་པར་ནང་དོལ་རྒྱལ་སྐོར་རྩོམ་ཡིག་ཅིག་མཐོང་བྱུང་། དེའི་ནང་ཨ་རིར་ཡོད་པའི་དོལ་རྒྱལ་བསྟེན་མཁན་སྣག་བོ་རྒྱ་མཚོས་ང་ཚོས་་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་གང་བཤད་པར་ཉན་དགོས་ཞེས་བཤད་པ་ལུང་འདྲེན་བྱས་འདུག དེས་གང་སྟོན་གྱི་འདུག དཔེར་ན། གཞུང་ཞབས་པ་རྣམས་ཀྱིས་བཀའ་ཤག་གི་བཀའ་བསྒྲུབ་དགོས་བརྗོད་དུས་ལས་བྱེད་པ་ཡིན་པའི་ཆ་ནས་ལས་འགན་དུ་གོ་ཆོག བོད་གཞུང་གི་ཕོགས་ཟས་ནས་བོད་གཞུང་གི་ལས་དོན་སྒྲུབ་པ་ལྟར། ཁོ་པ་ཚོ་རྒྱ་གཞུང་གིས་བེད་སྤྱོད་བཏང་བ་ཧ་ཅང་གསལ་པོ་རེད་མི་འདུག་གམ། དོན་དངོས་སུ་རྒྱ་གཞུང་གིས་གང་བཤད་པ་རྣམས་ལ་བརྩིས་དགོས་ཀྱི་རེད་ཅེས་ཤོད་ཀྱི་ཡོད།
དོལ་རྒྱལ་ཚོགས་པས་ཡིག་ཆ་བཀྲམ་པ་དང་། གཏམ་བཤད་བྱས་པ་ཁག་གི་ནང་འབེན་ལྟ་བུ་དམིགས་ས་༸སྐྱབས་མགོན་རིན་པོ་ཆེ་རེད་འདུག བོད་པའི་ནང་འཛམ་གླིང་སྤྱིས་མཐོང་ཡོད་པ་དང་། ཡིད་ཆེས། གུས་བཀུར། ཆ་འཇོག་བཅས་ཞུ་ཡུལ་༸རྒྱལ་བ་རིན་པོ་ཆེ་ཡིན་པ་དང་། དེ་བཞིན་བོད་ནང་ཡོད་པའི་བོད་ཆོལ་ཁ་གསུམ་གྱི་ཁྱོན་ལ་གནས་པའི་བོད་རིགས་ཡོངས་ རྫོགས་ཀྱིས་གློ་སྙིང་བྲང་གསུམ་བསྟན་ས་༸རྒྱལ་བ་རིན་པོ་ཆེ་ཡིན་པ་བཅས་ཁོང་ཚོས་ ཤེས་ཀྱི་ཡོད། ཁོང་སྤྱི་ཚོགས་དང་ཁ་བྲལ་ཐབས་དང་། མཚན་ཤས་བཟོ་ཐུབ་ན་ཁོང་ཚོའི་དམིགས་ཡུའ་འགྲུབ་པ་ཙམ་མ་ཟད་རྒྱ་དམར་ལ་དགོས་རྒྱུ་ཡང་དེ་རེད། ཁོང་ཚོས་༸སྐྱབས་མགོན་རིན་པོ་ཆེའི་སྐུ་རྒྱུད་བོད་པ་གཙང་མ་མ་རེད་ཟེར་བ་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་མིན་པ། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་ཡང་སྲིད་མིན་ལུགས་སོགས་རང་སྣང་གང་དྲན་བཤད་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་རྒྱུད་སྔར་ཆོས་རྒྱལ་གྱི་སྐུ་དུས་བོད་དབུས་འཕན་པོའི་ཕྱོགས་ནས་ས་སྲུང་དུ་བཏང་བའི་དམག་མི་ལས་མཆེད་པ་ཡིན། བོད་གངས་ཅན་གྱི་ཞིང་འདི་སྤྱན་རས་གཟིགས་ཀྱི་འདུལ་ཞིང་དུ་༸རྒྱལ་བའི་ལུང་གིས་ཟིན་པ་ཁས་ལེན་བྱེད་དམ་མི་བྱེད། དེ་བཞིན་རྩོད་མེད་ཀྱི་མཁས་གྲུབ་པཎ་ཆེན་ཡེ་ཤེས་རྩེ་མོ་དང་། ལོ་ཆེན་ཐུགས་རྗེ་དཔལ་བ་གཉིས་ཀྱིས་རྗེ་དགེ་འདུན་གྲུབ་པ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་རྣམ་སྤྲུལ་དུ་བསྒྲུབ་པར་རིས་མེད་ཀྱི་སྐྱེས་ཆེན་ཀུན་གྱིས་ཚད་མར་ཞལ་བཞེས་གནང་ཡོད་པར་མ་ཟད། འབྲོམ་སྟོན་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པ་བཀའ་གདམས་བུ་ཆོས་ནང་ཇོ་བོ་ཆེན་པོས་གསུངས་པ་མ་མཐོང་བ་ག་ལ་སྲིད། དེ་བཞིན་༸གོང་ས་ཆེན་པོ་༸རྒྱལ་མཆོག་སྐུ་གོང་མའི་ཡང་སྲིད་ཡིན་པ་ལྷ་བླའི་ལུང་བརྟག་དང་ངོ་མཚར་གྱི་མཚན་མ་སོགས་རྩེ་མཐུན་བྱུང་ཡོད། ཆོས་ཁས་ལེན་ན་ངོས་འཛིན་ཞུ་སྟངས་དེ་འདྲ་རེད། དེ་མིན་ལས་བྱེད་བསྐོ་གཞག་གི་ལམ་ལུགས་ལྟར་གནས་སྤར་གནས་འཕོས་བྱས་པ་བཞིན་མ་རེད།
༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་༸རྒྱལ་མཆོག་སྐུ་གོང་མའི་ཡང་སྲིད་མིན་པ་ཞིག་གི་ཡོངས་འཛིན་དུ་དབུ་འཁོར་བ་ལྟ་བུ་དོན་དུ་༸སྐྱབས་རྗེ་རིན་པོ་ཆེར་ཡང་ཤུགས་ལ་དམའ་འབེབས་བྱས་པ་མ་ཡིན་ནམ། དེ་བཞིན་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་མང་པོ་བྱུང་བ་རེད། རང་གི་ལུས་དགའ་བཞིན་སྤྲོ་བཞིན་བློས་གཏོང་མཁན་སུའང་མེད། འུ་ཐུག་ཐབས་ཟད་དེ་རང་ལུས་མེར་སྲེག་བཏང་བ་རེད། རང་ལུས་མེར་སྲེག་གཏོང་མཁན་ཚོ་༸རྒྱལ་བ་རིན་པོ་ཆེས་བཀོད་མངགས་གནང་བ་ཡིན་ལུགས་ཁག་དཀྲི་བྱས་ཡོད། གཞན་ཡང་བཤེས་གཉེན་བསྟེན་ཚུལ་ནོར་བ་རེད་ཅེས་ཤོད་ཀྱི་ཡོད། བཤེས་གཉེན་བསྟེན་ཚུལ་ནོར་བ་རེད་ཅེས་པ་དེ་གཞན་གང་ཡང་མ་རེད། ཡོངས་འཛིན་སྐུ་གཞོན་པས་དོལ་རྒྱལ་བསྟེན་གྱི་ཡོད། ༸གོང་ས་མཆོག་གིས་དོལ་རྒྱལ་བསྟེན་མཚམས་བཞག་པ་མ་ཟད། དོལ་རྒྱལ་བསྟེན་གསོལ་ཐོག་དམ་བསྒྲགས་གནང་བ་དེས་རང་གི་ཡོངས་འཛིན་གྱི་ཕྱག་སྲོལ་ཉམས་བཞེས་མ་གནང་བ་ཡིན་ཙང་བཤེས་གཉེན་བསྟེན་ཚུལ་ལོག་པ་རེད་ཅེས་ཤོད་ཀྱི་ ཡོད། དེ་རྒྱུ་མཚན་ཡང་དག་མ་རེད། སྟོན་པ་བཅོམ་ལྡན་འདས་རྒྱ་གར་དུ་སྐུ་བལྟམས་པ་རེད། རྒྱ་གར་དུ་ནང་ཆོས་མ་དར་སྔོན་དུ་ཧིན་རྡུའི་ཆོས་དར་ཡོད། སྟོན་པ་བཅོམ་ལྡན་འདས་ཀྱིས་ཧིན་རྡུའི་བླ་མ་མང་པོ་བསྟེན་པ་གནང་ནས་དེ་ཚོའི་ས་ནས་ལེགས་བཤད་གང་ཡོད་སྒྲུག་སྟེ་མཐའ་མ་ནང་ཆོས་ཁྱབ་སྤེལ་གནང་བ་རེད། དེ་འདྲ་སོང་ཙང་སྟོན་པ་བཅོམ་ལྡན་འདས་ཀྱིས་ཧིན་རྡུའི་བླ་མའི་དགོངས་པ་དང་འགལ་བའི་ཆོས་གསར་པ་ཞིག་དར་སྤེལ་བྱས་པར་བརྟེན་བཤེས་གཉེན་བསྟེན་ཚུལ་ལོག་པ་རེད་ཅེས་སྒྲུབ་ཐུབ་ཀྱི་མ་རེད།
དེ་བཞིན་ཉེ་ཆར་༸གོང་ས་མཆོག་ནོར་ཝེ་དུ་ཆིབས་སྒྱུར་སྐབས་ནོར་ཝེའི་སྲིད་བློན་གྱིས་མཇལ་འཕྲད་མ་ཞུས་པར་དགའ་པོ་བྱུང་ཞེས་གསར་འགོད་གསལ་བསྒྲགས་སྤེལ་ཡོད། ༸གོང་ས་མཆོག་དང་མཇལ་འཕྲད་ཞུས་ན་ཁོང་ཚོར་གནོད་ཀྱི་ཡོད་པ་གསལ་པོ་བསྟན་པ་རེད། ༸གོང་ས་མཆོག་གི་མཚན་སྙན་དང་། མཛད་འཕྲིན་རྒྱས་པ་ཡིན་ན། བོད་མི་དམངས་ཀྱི་རྒྱལ་ཁ་རེད། དེ་སྔ་ཆིག་སྟོང་དགུ་བརྒྱ་དྲུག་ཅུ་རེ་གྲངས་ནང་རྡ་སར་ཆོས་ཚོགས་ཚུགས་པ་རེད། ཆོས་ཚོགས་གྲུབ་རྗེས་སོ་སོའི་བཞུགས་གནས་སུ་ཕྱིར་ཕེབས་པའི་སྐབས་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་ཤི་ལི་གུ་རིར་བཙོན་དུ་ཚུད་ནས་སྐུ་མཉེལ་པོ་བྱུང་བ་རེད། དོན་རྐྱེན་དེ་རྡ་ས་ནས་རྒྱ་གར་གསང་བའི་ལས་ཁུངས་སུ་ཞུ་ལོག་ཕུལ་ནས་བཟོས་པ་རེད་ཅེས་བེད་སྤྱོད་ལོག་པ་བཏང་ནས་ཆོས་ལུགས་གྲུབ་མཐའ་ནང་ཁུལ་དཀྲོག་རྐྱེན་བཟོ་ཐབས་བྱེད་ཀྱི་འདུག རྡ་ས་ནས་ཟེར་དུས་དོ་དམ་བྱེད་འཇུག་མཁན་དེ་༸གོང་ས་མཆོག་དང་བོད་གཞུང་ལ་མ་ཉེས་ཁག་གཡོགས་བྱས་པ་རེད། དེ་ཚོ་གཞི་མེད་པའི་གནས་ཚུལ་རེད།
དངོས་ཡོད་གནས་ཚུལ་ནི། སྐབས་དེ་དུས་ང་ཚོས་རྒྱ་གར་ལུང་པའི་ཁྲིམས་དང་། འགྲོ་སྟངས། འགྲོ་ལུགས་སོགས་རེ་རེ་བཞིན་མ་ཤེས་པའི་དབང་གིས་སྐབས་དེ་དུས་ཀ་རྡོར་སྒང་གསུམ་སྲུང་སྐྱོབ་ཀྱི་ས་ཁུལ་རེད། ལྡི་ལི་དབུས་ནང་སྲིད་ལས་ཁུངས་ནས་བཀའ་འཁྲོལ་མེད་པར་ཕྱིན་ན། དོ་དམ་བྱེད་ཀྱི་ཡོད། དེ་དུས་གནས་སྟངས་ཐུགས་རྒྱུས་མེད་པར་ཕེབས་པའི་དབང་གིས་ཊི་ཤི་ཊ་ཟམ་པ་ནས་དོ་དམ་གནང་པ་རེད། མཐར་༸གོང་ས་མཆོག་གིས་རྒྱ་གར་གྱི་སྲིད་བློན་ལ་ཕྱག་བྲིས་ཕུལ་གནང་བའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཙོན་དུ་ཡུན་རིང་བཞུགས་མ་དགོས་པར་ལམ་སེང་གློད་བཀྲོལ་བཏང་བ་རེད། ཁོང་ཚོས་ཕྱོགས་ཡོངས་ཀྱི་དངོས་ཡོད་གནས་ཚུལ་ཡོངས་རྫོགས་མ་བཤད་པར་ཁོ་རང་ཚོའི་བེད་སྤྱོད་དང་། ཁེ་ཕན། མཐོང་ཚུལ་བཟོ་ཆེད་འདི་རིགས་དཀྲོག་གཏམ་སྤེལ་དོན་ལ་བསམ་གཞིགས་ནན་པོ་གནང་དགོས།
ཕྱི་ལོ་ ༡༩༩༦ ལོར་༸གོང་ས་མཆོག་གིས་དོལ་རྒྱལ་སྐོར་དམ་བསྒྲགས་ཤུགས་ཆེ་རུ་བཏང་བའི་སྐབས་སུ། ཁོང་ཚོས་བོད་གཞུང་གི་ལས་བྱེད་ཁོངས་དོལ་རྒྱལ་བསྟེན་མཁན་ཡོད་ན་ཕྱིར་འབུད་བྱེད་ཀྱི་ཡོད་པ་དང་། སློབ་གྲྭ་ཁག་གི་ནང་ཕ་མ་དོལ་རྒྱལ་བསྟེན་གསོལ་བའི་བུ་ཕྲུག་སློབ་གྲྭ་ནས་ཕྱིར་འབུད་བྱེད་ཀྱི་འདུག གཞིས་ཆགས་ཁག་གི་ནང་དོལ་རྒྱལ་སྟེན་མཁན་ཡོད་ན་ས་ཞིང་གི་ཐོབ་ཐང་ཕྱིར་བསྡུ་བྱས་ནས་གཞིས་ཁོངས་ནས་ཕྱིར་འབུད་བྱེད་ཀྱི་འདུག་ཅེས་ཁུངས་མེད་ཀྱི་སྐྱོན་འཛུགས་བྱས་པར་བརྟེན། བོད་གཞུང་གིས་དེ་ལྟར་བྱས་པ་ཞིག་དངོས་འབྲེལ་ཡོད་ན། ཕྱིར་འབུད་བྱས་པའི་སློབ་ཕྲུག་གམ་གཞིས་མི་དེའི་མིང་དང་། ཕྱིར་འབུད་བྱེད་མཁན་གྱི་ས་གནས་འགོ་འཛིན་སུ་ཡིན་རེ་རེ་བཞིན་ཁུངས་སྐྱེལ་བྱེད་ཐུབ་པ་ཡིན་ན་བསྐྱར་ཞིབ་གནང་གི་ཡིན། ཞེས་སྔ་ཕྱིར་ཡོངས་ཁྱབ་གསལ་བསྒྲགས་ཐེངས་འགའ་ཤས་གནང་ཡོད་ཀྱང་ཁུངས་སྐྱེལ་ཐུབ་པ་མི་གཅིག་བྱུང་མེད། དེ་ནས་ལོ་ ༡༥།༡༦ སོང་རྗེས་བསམ་བཏང་དྲན་སྐྱེས་བྱས་ཏེ་རྙོག་མ་གཏིང་སློང་གིས་དྲྭ་རྒྱ་དང་ཡིག་ཆ་མང་པོའི་ནང་བཀོད་འདུག དེ་ནི་ཕྱི་རྒྱལ་ལུང་པའི་ནང་འགྲོ་བ་མིའི་ཐོབ་ཐང་ཟེར་རྒྱུ་དེ་ཧ་ཅང་རྩ་ཆེན་པོ་དང་གལ་ཆེན་པོ་རྩིས་ཀྱི་ཡོད་པ་དང་། དེ་འདྲའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ལ་མཚན་ཤས་བཟོ་ཆེད་གོ་སྐབས་ཟིན་ཏེ་བེད་སྤྱོད་ལོག་པ་བཏང་བ་གསལ་པོ་རེད།
དེ་ལྟར་ཁོ་པ་ཚོས་ངོ་ཚ་མེད་པར་ཧམ་པ་ཆེན་པོའི་ཐོག་ནས་ལོ་རྒྱུས་ལ་འཁྱོག་བཤད་བྱེད་ཀྱི་ཡོད། མ་བརྟག་མ་དཔྱད་པར་ཕྱོགས་གཅིག་གི་གནས་ཚུལ་ལ་ཆ་འཇོག་བྱས་ཏེ་བསྡོམས་བརྒྱབ་ན་ཐལ་ཆ་རེད། དངོས་སུ་མ་བྱུང་བའི་གནས་ཚུལ་དང་། མ་བྱས་པ་ཞིག་ལ་ང་ཚོས་བྱས་སོང་ཞེས་མཛུབ་མོ་བཙུགས་ན། དེ་ནི་ང་ཚོའི་ནོར་འཁྲུལ་རེད། དེ་ལྟར་བྱས་ན་ཁོང་ཚོ་དང་ང་ཚོའི་དབར་ཁྱད་པར་མ་བྱུང་བ་རེད། ཁོང་ཚོས་རྒྱུ་མཚན་དང་གཞི་རྩ་མེད་པའི་སྐད་ལོག་རྒྱག་པར་ང་ཚོའི་ངོས་ནས་དངོས་ བྱུང་བདེན་པའི་གནས་ཚུལ་གསལ་བཤད་བྱ་རྒྱུ་བོད་རིགས་སྤྱི་དང་། ལྷག་པར་གཞུང་གི་སྒྲིག་འཛུགས་མ་ལག་དང་བཅས་པར་དམིགས་བསལ་གྱི་འབྲེལ་བ་ཆགས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ༸གོང་ས་མཆོག་གིས་སངས་རྒྱས་ཀྱི་བསྟན་པ་དང་། བོད་སྤྱིའི་བདེ་རྩའི་ཆེད་དུ་ལམ་སྟོན་གནང་བ་དེར་བསྙོན་འཛུགས་བྱེད་སྐབས་སུ་ང་ ལ་མཛུབ་མོ་འཛུགས་མཁན་མི་འདུག་བསམ་ནས་ཁ་རོག་བཞུགས་ན། དེ་ནི་ང་ཚོའི་ལས་འགན་མ་སྒྲུབ་པ་རེད། དཔེར་ན། ཕྱི་རྒྱལ་ནང་པའི་ཁོངས་ནས་དོལ་རྒྱལ་བསྟེན་གསོལ་གྱི་གནས་ཚུལ་དེ་བོད་པ་ནང་ཁུལ་གྱི་གནས་ཚུལ་རེད་ཅེས་མ་ཤེས་ཤེས་མདོག་གི་འགྲེལ་བཤད་བྱེད་ཀྱི་ཡོད། ང་རང་ཚོ་བོད་མི་ནང་ཁུལ་ལ་ཆ་མཚོན་ན། དེ་ནི་དགེ་ལུགས་པ་ནང་ཁུལ་གྱི་རྙོག་དྲ་རེད་མ་གཏོགས་ཆོས་ལུགས་གཞན་དང་འབྲེལ་བ་མི་འདུག་ཅེས་ལག་པ་འཆང་མི་དགོས་པ་གཙོ་འདོན་གནང་གི་ཡོད། དོལ་རྒྱལ་བསྟེན་གསོལ་དེ་སངས་རྒྱས་ཀྱི་བསྟན་པ་དང་། བོད་ཀྱི་རྩ་དོན་དང་འབྲེལ་བ་ཡོད།
དེ་བཞིན་དོལ་རྒྱལ་བསྟེན་གསོལ་བའི་གྲྭ་བཙུན་ཁག་གཅིག་གིས་སྟོད་འགག་ལྗང་ཁུ་གྱོན་པའི་སྲོལ་ངན་གསར་གཏོད་བྱས་པ་འདི་འདུལ་ཁྲིམས་དང་འགལ་ཡོད། དེ་རིགས་ལ་ཁྱོད་དང་ང་ཞེས་ཕར་ཁག་ཚུར་དཀྲི་བྱས་ཏེ་དགག་ལན་མ་བྱས་ན། ནམ་ཞིག་ངན་པ་ལང་ཤོར་དུ་སོང་ནས་བསྟན་པ་དེ་འཛིན་དང་བཅས་པར་མཐོང་བརླག་ཉེན་ཡོད། དེའི་ཐད་ང་ཚོ་སྐྱ་སེར་ཕོ་མོ་རྒན་གཞོན་ཡོངས་ལ་ལས་འགན་ཡོད་པ་མཐོང་གི་འདུག ཁོང་ཚོའི་ཕྱོགས་ནས་གཞི་རྩ་ཁུངས་ལུང་བདེན་འབྲེལ་མིན་པའི་གནས་ཚུལ་སྤེལ་བ་རྣམས་ལ་སྐབས་མཚམས་སོ་སོར་བདེན་པའི་ལན་འདེབས་བྱེད་མ་ཐུབ་པ་ཡིན་ན། ད་ལྟའི་གནས་ཚུལ་རྣམས་མ་འོངས་པའི་ལོ་རྒྱུས་ཆགས་ཀྱི་ཡོད། མ་འོངས་པར་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བོད་བསྟན་པ་ཆབ་སྲིད་དང་། བོད་སྤྱིའི་བདེ་རྩའི་སླད་སྐུ་ངལ་དེ་ལྟ་བུ་བཞེས་འདུག་ཀྱང་སྐབས་དེ་དུས་ཁོང་གི་རྗེས་འབྲངས་པ་ཚོས་ཞལ་བཙུམས་ནས་བཞུགས་འདུག ཁོང་ལ་ཕྱག་རོགས་དང་། དཔུང་རོགས་ཞུས་མི་འདུག་ཅེས་གསལ་བ་ཡིན་ན། ང་ཚོའི་ལོ་རྒྱུས་ག་འདྲ་ཞིག་ཆགས་སོང་ངམ། དེར་བརྟེན་ཕྱོགས་མང་པོ་གཅིག་ནས་དགོངས་པ་བཞེས་ཏེ་དངོས་ཡོད་གནས་ཚུལ་བདེན་པ་བདེན་སར་འཁྱོལ་བ་ཞིག་གནང་རྒྱུ་ཧ་ཅང་གནད་འགག་མཐོང་གི་འདུག་པ་དེ་ལུགས་དགོངས་པར་འཇགས་པ་ཞུ།། །།