༸གོང་ས་ལྔ་པ་ཆེན་པོས་དོལ་རྒྱལ་གྱི་འཕྲིན་བསྐུལ་མཛད་ཡོད་མེད་སོགས་ལ་དཔྱད་པའི་གལ་ཆེའི་འབྲེལ་ཡོད་དཔྱད་གཞི།

༄༅། །རྒྱལ་ཆེན་ཤུགས་ལྡན་དུ་འབོད་པའི་བསྟོད་འབྲེལ་ནང༌། བསེ་ཁྲབ་པའི་ཆོ་འཕྲུལ་གྱིས་༸རྒྱལ་དབང་ལྔ་པས་དོལ་རྒྱལ་བསྲེགས་སྦྱངས་གནང་མ་ཐུབ་པའི་ལོ་རྒྱུས་ཀྱི་མཇུག་ཏུ། དེ་ལྟར་སྦྱིན་སྲེག་ཏུ་མ་ཐེབས་པས་༸རྒྱལ་དབང་ལྔ་པ་ཆེན་པོ་ཐུག་ཁྲོས་པའི་རྣམ་པས་གསང་ཕུའི་མགོན་ཁང་དུ་བསེ་ཁྲབ་པར་བསྒྱུར་བྱང་གི་བཀའ་ཤོག་བསྒྲིགས་རྒྱུ་གནང་བ་ཀློག་པའི་དུས་ཆོས་སྐྱོང་སྐྲག་ནས་ལྕོག་ཀྱང་ཡོམ་ཡོམ་ཤིག་ཤིག་མདར་ཞེས་གླེང༌། བསྟོད་འགྲེལ་གྱི་ཤོག་གྲངས་ ༥༥ རྒྱབ་ཕྲེང་ ༦ པར་གསལ༌། ཞེས་དང༌། དེ་ལྟར་སྦྱིན་སྲེག་གྲུབ་རྗེས་སུ་ཡང་ཆོ་འཕྲུལ་ཇེ་ཆེར་སོང་བར་བརྟེན་ལྔ་པ་ཆེན་པོས། ལྷུན་གྲུབ་གདོད་མའི་དབྱིངས་ལས་མ་གཡོས་ཀྱང་་ ཞེས་པའི་འཕྲིན་བསྐུལ་མདོར་བསྡུས་མཛད། ཤོག་གྲངས་ ༥༦ མདུན་ཕྲེང་ ༥ པར་གསལ། ཅེས་འཁོད་ཡོད་ཀྱང༌། ༸རྒྱལ་མཆོག་ལྔ་པ་ཆེན་པོའི་གསུང་དག་སྣང་རྒྱ་ཅན་དང༌། གསུང་འབུམ་ནང་མ་པོད་བཞི། གསུང་འབུམ་ཕྱི་མ་པོད་ཉི་ཤུ་རྩ་གཅིག་བཅས་པའི་ནང༌། གོང་གསལ་གསང་ཕུར་གནང་པའི་བསྒྱུར་བྱང་བཀའ་ཤོག་དང༌། ལྷུན་གྲུབ་འདོད་མ་ཞེས་པའི་འཕྲིན་བསྐུལ་ནམ་ཡང་གསལ་མེད་པ་ངེས་གཏན་ཡིན།

༸རྒྱལ་མཆོག་ལྔ་པ་ཆེན་པོའི་རང་རྣམ་དུ་ཀུ་ལའི་གོས་བཟང་ནང༌། ཤིང་སྟག ༡༦༧༤ དོལ་ཆུ་མིར་དཀར་རྒྱལ་གྱི་ཚ་ངར་ཆེར་སོང་བ་དང༌། གཞན་ཡང་མི་བསྲུན་འགོང་པོའི་ཆོ་འཕྲུལ་སྣ་ཚོགས་སྣང་བར་དམིགས། གྲྭ་ཚང་དུ་རྡོ་རྗེ་སློབ་དཔོན་བྲག་སྣ་ཆོས་རྗེས་བྱས་པའི་ཨར་གཏད་མཇུག་ཏུ་སྲེག་པ་ཧོམ་གྱི་ལས་ལ་སྦྱར་ པོད་གཉིས་པའི་ཤོག་གྲངས་ ༡༧༣ རྒྱབ་ཕྲེང་ ༥ པར་གསལ་ ཞེས་དང༌། ཡང་ཤིང་ཡོས་ ༡༦༧༥ ལུས་མེད་ཀྱི་འཚུབ་ལྟས་ཆེ་བར་རྡོ་རྗེ་སློབ་དཔོན་དགེ་སློང་བློ་གྲོས་རྒྱལ་བས་བྱས་ཏེ་གྲྭ་ཚང་གིས་རིག་འཛིན་རྡོ་རྗེ་དྲག་པོ་རྩལ་གྱི་སྒོ་ནས་འགོང་པ་སྤྱི་དང༌། བྱེ་བྲག་ཆུ་མིག་དཀར་མོའི་དམ་སྲི་ཨར་ལ་གཏད་པའི་དྲག་སྔགས་བྱེ་བའི་མཇུག་ཏུ་ཧོམ་གྱི་ལས་སྦྱོར་དང་བཅས་བོད་འབངས་ཀྱི་བདེ་ཐབས་བསྒྲུབས་ཤོག་གྲངས་ ༢༣༩ མདུན་ཕྲེང་ ༡ པོར་གསལ་ ཞེས་དང༌། ཡང་རང་རྣམ་དེ་ཉིད་ལས་ དོལ་ཆུ་མིག་དཀར་མོར་སྨོན་ལམ་ལོག་པའི་དམ་སྲིད་མཐུ་རྩལ་ཤིན་ཏུ་ཆེ་བ་ཞིག་གིས་བསྟན་འགྲོ་སྤྱི་བྱེ་བྲག་ལ་གནོད་པའི་གྲགས་པ་མེ་བྱ་ནས་ཇེ་ཆེར་སོང་པའི་དོན་ཐོག་ཏུའང་ཁེལ་བ་མང་རུང་ང་ལ་མ་རག་ལྟ་བུའི་བྱེད་མི་དཀོན་ཞིང༌། དོལ་ཆུ་མིག་དཀར་མོར་ས་བྱའི་མཇུག་ལ་ཁང་པ་གསར་བརྩིགས་དང༌། ཀ་ཅ་སོགས་སྤོས་པའི་རྒྱལ་པོ་ཆགས་རྟེན་ཡོང་བ་རེ་བྱས་ནའང་གནོད་པ་ཇེ་འཕེལ་བྱུང་ཞིང༌། ཉེ་ཆར་སྐྱ་སེར་དུ་མར་ནད་ཡམས་དང༌། གྲྭ་པ་རེ་གཉིས་ཤི་ཆད་བྱུང་བས་རྐྱེན་བྱས་གྲྭ་ཚང་གི་གྲྭ་པ་རྣམས་མགྲིན་གཅིག་པ་ལྟ་བུའི་ལས་སྦྱོར་བྱེད་ཟེར་བར་བརྟེན། འདི་གར་རྡོ་རྗེ་གྲོད་ཀྱི་རྡོ་རྗེ་སློབ་དཔོན་སྔགས་རམས་པ་དོན་གྲུབ་རྒྱ་མཚོ་དང༌། ཡང་གསང་ཀརྨ་དྲག་པོའི་རྡོ་རྗེ་སློབ་དཔོན་གནང་བྱུང་སྔགས་ཆང་བློ་བཟང་མཁྱེན་བརྩེས་བྱས་པའི་གྲངས་བཅད་ཀྱི་སྒྲུབ་ཁག་གཉིས། རྡོ་རྗེ་བྲག་རིག་འཛིན་སྤྲུལ་པའི་སྐུ་མཆོག ཆོས་རྒྱལ་གཏེར་བདག་གླིང་པ། འུག་བྱ་ལུང་པ། འབྲི་གུང་སྤྲུལ་སྐུ་རིན་པོ་ཆེ། ཀ་ཚལ་ཟུར་པ་མངའ་རིས་དཀོན་ཅོག་ལྷུན་གྲུབ། དཔལ་རི་སྤྲུལ་སྐུ་རྣམས་ཀྱིས་བླ་མ་དྲག་པོ། གཤིན་རྗེ། ཕུར་པ། ལོག་ཏྲི་སོགས་ཀྱི་སྒོ་ནས་སྒྲུབ་ཞག་བདུན་སྔོན་དུ་འགྲོ་བའི་སྲེག་པ་མེའི་ལས་སྦྱོར་གྱིས་དམ་སྲི་འབྱུང་པོ་འཁོར་བཅས་བསྲེགས་པར་རྟགས་མཚན་གྱི་རིགས་ངོ་མཚར་བ་ཤིན་ཏུ་མང་ཞིང༌། རོ་བསྲེགས་པའི་དྲི་མ་ལྟ་བུ་ཀུན་གྱིས་ཚོར་བའི་ཡིད་ཆེས་ཀྱི་གནས་སུ་གྱུར་པ་དངོས་སུ་འགྲོ་བ་མང་པོར་མི་འཇིགས་པ་སྲོག་གི་སྦྱིན་པ་དང༌། རྒྱུད་ནས་འབྱུང་པོ་དེ་དག་ལས་ངན་ཇེ་རྒྱས་སུ་སོང་སྟེ་གནས་ངན་ལེན་གྱི་དུ་ཁ་མི་ཟད་པ་མྱོང་བ་ལས་ཐར་པའི་བདེ་བ་ལ་བཀོད། འདི་སྐབས་འབྱུང་པོ་དེ་དག་མགོན་སྐྱབས་དང་བྲལ་བའི་གཟུ་དཔང་བྲིས་ཤིང༌། གྲྭ་ཚང་རྡོ་རྗེ་བྲག་དར་སྡིངས་པ་རྣམས་ཀྱིས་སྔགས་བསྡེབས་ཀྱང་མཛད། པོད་གཉིས་པའི་ཤོག་གྲངས་ ༢༥༧ རྒྱབ་མདུན་གཉིས་ལ་གསལ།

ཅེས་གསུངས་པ་བཞིན། གཟུ་དཔང་དེ་༸གོང་ས་ལྔ་པའི་གསུང་འབུམ་པོད་ད་པའི་ནང་བཞུགས་པ་འདི་ལྟར། གད་ཁ་སའི་ལགས་ཨ་རྒྱལ་གྱི་འཕྲུལ་ལ་བརྟེན་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་སྐུ་སྐྱེས་བརྫུས་མ་ལམ་དུ་སོང་བ་སྨོན་ལམ་ལོག་པའི་དམ་སྲིར་གྱུར་ཏེ། འགྲོ་བ་མང་པོར་གནོད་ཚབས་ཆེས་པར་རྡོ་རྗེ་བྲག་སྤྲུལ་སྐུ་རིན་པོ་ཆེ། ཆོས་རྒྱལ་གཏེར་བདག་གླིང་པ། ཆོས་རྗེ་འུ་བྱ་ལུང་པ། མངའ་རིས་སྔགས་འཆང་དཀོན་ཅོག་ལྷུན་གྲུབ། དཔལ་རི་སྤྲུལ་སྐུ། ཕན་བདེ་ལེགས་བཤད་གླིང་པའི་མཚམས་ཁག་གཉིས་དང་བཅས་སྒྲུབ་གྲྭ་ཁག་བདུན་གྱིས་བསྲེགས་པ་མེའི་ལས་སྦྱོར་གྱིས་གཏན་མེད་དུ་བཏང་སྐབས་དཔང་གཟུར་བཀོད་པ། ལེགས་ལྡན་ཕྱག་དྲུག་ལས་གཤིན་དམག་ཟོར་ལྷ། གདོང་བཞི་མགོན་པོ་ལྕམ་དྲལ་བེག་ཙེ་སོགས། བསྟེན་མཆོད་སྒྲུབ་པའི་སྲུང་མ་དམ་ཅན་ལ། གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་གྱིས། དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། བསྟན་དང་འགྲོ་བ་ཡོངས་ལ་འཚེ་བྱེད་ན། མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག གནོད་སྦྱིན་ཡང་གྷ་བཟང་སོགས་བསྟན་མ་དང༌། རྒྱས་པོ་སྐུ་ལྔ་ཁྱབ་འཇུག་རྡོ་རྗེ་ལེགས། ཁྱད་པར་གནས་ཆུང་ཆོས་རྒྱལ་འཁོར་བཅས་ལ། གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་གྱིས། དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། བསྟན་དང་འགྲོ་བ་ཡོངས་ལ་འཚེ་བྱེད་ན། མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག ཙིའུ་དམར་ལ་སོགས་འབར་བ་སྤུན་བདན་དང༌། གསང་ཕུ་བསེ་ཡི་ཁྲབ་ཅན་གྱིས་མཚོན་པ། འདྲེ་འདིའི་སྐྱབས་གསོལ་ལྷ་འདྲེ་དྲག་པོ་ལ། གསེར་སྐྱེམས་ཕུད་ཀྱི་མཆོད་པ་འདི་འབུལ་གྱིས། དམ་མིན་དམ་རྫུ་གྲགས་པ་རྒྱལ་མཚན་ཞེས། སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འདིས། བསྟན་དང་འགྲོ་བ་ཡོངས་ལ་འཚེ་བྱེད་ན། མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློག རྡོ་རྗེ་འཆང་དབང་རྩ་རྒྱུད་བླ་མ་ཡི། སྤྱན་སྔར་བསྟན་འགྲོའི་ཕན་བདེ་སྤེལ་བ་རུ། ཞལ་གྱིས་བཞེས་ནས་དམ་སྲི་འདི་སྐྱབས་ཚེ། སྔོན་གྱི་དམ་ཚིག་ཉམས་པར་མི་འགྱུར་རམ། མི་ནད་ཕྱུགས་ནད་སད་སེར་མུ་གེ་ཐན། མི་རུང་ཆོ་འཕྲུལ་སྣ་ཚོགས་སྟོན་བྱེད་པ། འབྱུང་པོའི་སྡེར་བཅས་མཐུ་སྟོབས་ནུས་པ་དང༌། ལུས་ངག་ཡིད་གསུམ་རྡུལ་ཕྲན་བཞིན་དུ་རློག གསུང་འབུམ་ཕྱི་མ་པོད་ད་པའི་ཤོག་གྲངས་ ༡༤༨ པའི་མདུན་ཕྲེང་ ༦ པ་ནས་རྒྱབ་བཅས་པར་གསལ། ཅེས་གསལ་བ་བཅས་གོང་གསལ་༸རྒྱལ་མཆོག་ལྔ་པ་ཆེན་པོའི་གསུང་ཚད་མ་རྣམས་ལ་གཟུ་བོའི་བློས་ཞིབ་ཏུ་དཔྱད་ན་ངོ་མའི་དོན་གྱི་གནས་ལུགས་ཇི་ཡིན་གསལ་བར་འགྱུར་རོ།།

Menu