༄༅། །བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ངོ་སྤྲོད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༢ པའི་ཆ་རྐྱེན་འོག་ཕྱི་ལོ་ ༡༩༩༢ ཟླ་ ༣ ཚེས་ ༡༡ ཉིན་བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་འདི་ཉིད་བཞུགས་སྒར་དྷ་རམ་ས་ལར་དབུ་འཛུགས་གནང་ཡོད།

བོད་མིའི་སྒྲིག་འཛུགས་དང༌།  མི་མང་གི་གནས་སྐབས་སུ་དམིགས་བསལ་དགོས་མཁོ་དང་འཚམས་པའི་ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང་།  བོད་མིའི་ཁྲིམས་དང་ལམ་སྲོལ་རྣམ་པ་འདྲ་མིན་གྱི་ཁྲིམས་ཞིབ་སྟངས་འཛིན་བཀོད་ཁྱབ་ལག་བསྟར་བཅས་བྱ་རྒྱུའི་འགན་དབང་ཡོད་པའི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དེས།  ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་བྱ་སྒོ་ཁག་དང༌འཛིན་སྐྱོང་བཅས་པའི་སྤྱི་ཡོངས་འགོ་འདོམས་ཀྱི་ལས་འགན་འཁུར་དགོས་པ་ཡིན།

ཁྲིམས་ཞིབ་ཁང་ནང་དུ་གཏུག་བཤེར་གྱི་བྱ་རིམ་གང་བྱུང་བ་རྣམས་ཡིག་ཐོག་གམ།  སྒྲ་འཛིན་འཕྲུལ་ཆས་གང་རུང་ཐོག་གཏན་འཇགས་སུ་རྩ་འཛིན་ཉར་འཇོག་བྱེད་པའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ཡིན།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གྲུབ་ཆ།

༡།  ཆེས་མཐོའི་ཁྲིམས་ཞིབ་ཁང་ཐོག་མར་དབུ་འཛུགས་སྐབས་ཁྲིམས་ཞིབ་པ་ཆེ་བ་གཅིག་ལས་མེད་པ་དང། ཕྱི་ལོ་ ༡༩༩༧ ནང་ཁྲིམས་ཞིབ་པ་གཞན་གཉིས་བསྐོ་གཞག་གིས་དམ་འབུལ་མཛད་དེ། སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་ཞིབ་པའི་གྲངས་སྤར་དགོས་པའི་ཁྲིམས་ལུགས་མ་བཟོས་བར་ད་ལྟའི་ཁྲིམས་ཞིབ་ཁང་གི་གྲུབ་ཆ་འདི་ཡིན།

༢།  ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཚོགས་མི་གསུམ་ལས་མི་མང་བའི་བཤེར་དཔང་ལྷན་ཚོགས་ཤིག་དགོས་གལ་བྱུང་ན་འཛུགས་ཆོག་པ་ཡིན།

༣།  གྱོད་གཞི་གལ་ཆེའི་རིགས་ཀྱི་ཁྲིམས་ཞིབ་ལ་དགོས་གལ་ནམ་བྱུང་མཚམས་གྱོད་གཞིའི་གནད་དོན་ལ་ཉམས་མྱོང་ཡོད་པའི་གཟུ་དཔང་ཚོགས་མི་གྲངས་དགུ་ལས་མ་བརྒལ་བ་ཞིག་བཤེར་དཔང་ཡོད་མེད་ལ་མ་ལྟོས་པར་བསྐོ་གཞག་བྱེད་ཆོག་པ་ཡིན།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད་དང་འགན་དབང༌།

༡། བཙན་བྱོལ་དུ་གནས་རིང་གནས་ཡུལ་རྒྱལ་ཁབ་སོ་སོའི་ཁྲིམས་འོག་ཏུ་གནས་དགོས་སྟབས་ནག་ཉེས་དང་། མཁར་དབང་རྩོད་རྙོག་གི་ཁྲིམས་ཞིབ་བྱ་རྒྱུར་འབྲེལ་བ་མེད།

ཀ   བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ལ་བརྟེན་པའི་རྩོད་གླེང་།

ཁ།  བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་ལས་ཁུངས་སམ། ལས་བྱེད་པའི་ལས་དོན་བྱེད་ཕྱོགས་དང༌། དྲང་བདེན་བྱུང་མིན་ལ་བརྟེན་པའི་རྩོད་གླེང༌།

ག   བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཁག་གི་ལས་དོན་དང༌། ཁེ་ཕན་རྗེས་འབྲེལ་གྱི་རྩོད་གླེང༌།

ང་། བོད་མིའི་སྡོད་སྒར་ཁག་གི་ས་ཁང་སྐོར་གྱི་རྩོད་གླེང༌།

ཅ།  བོད་མིའི་སྤྱི་ཚོགས་ཀྱི་རྩོད་རྙོག་དང༌། སྤྱི་ཚོགས་ཀྱི་བདེ་འཇགས།

ཆ། གོང་གསལ་དོན་ཚན་ཁག་ནང་མ་གསལ་བའི་རྩོད་གཞི་ཁག་བཅས་ལ་གཟུ་བོའི་ཚུལ་གྱིས་ཁྲིམས་ཞིབ་ཐག་གཅོད་བྱ་རྒྱུ།

ཇ།  གཞན་ཡང་ཁྲིམས་ཞིབ་ཁང་འོག་མ་རྣམས་དང༌། ཁྲིམས་དོན་དང་འབྲེལ་བའི་ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས་དང༌། འཛིན་སྐྱོང་གི་བྱ་བར་ཞིབ་འཇུག་ལམ་སྟོན་དང༌། སྟངས་འཛིན་བྱ་རྒྱུའི་དབང་ཆ་ཡོད།

༢།  བོད་ཀྱི་ཡུལ་མིའི་གཞི་རྩའི་རང་དབང་དང་ཐོབ་ཐང་ཁག་སྲུང་སྐྱོབ་ཆེད་དགོས་ངེས་ཀྱི་བཀོད་འདོམས་བྱེད་ཆོག

༣།  བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དང༌། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་ཡང་བཅའ་ཁྲིམས་ཀྱི་དོན་ཚན་གང་རུང་དང་འགལ་ཚེ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་འགལ་བའི་ཆ་དེ་རྩ་འཛིན་མེད་པའི་ཐག་གཅོད་བྱེད་ཆོག

༤།  ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གཏན་འཇགས་སམ་འཕྲལ་སེལ་གང་རུང་གི་ཁྲིམས་ཞིབ་ཁང་འོག་མ་ཁག་གསར་འཛུགས་དང༌། ཕྱིར་བསྡུ་བྱེད་ཆོག

བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག

ཕྱི་ལོ་ ༡༩༩༡ ལོར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག་ཁྲིམས་ཡིག་ཟིན་བྲིས་ཚོགས་ཆུང་ཆེད་འཛུགས་བསྐྱངས་ཏེ། གཙོ་བོ་བཅའ་ཁྲིམས་ཀྱི་དོན་ཚན་ཁག་གཞིར་བཟུང་ཐོག གནས་ཡུལ་ཕྱིའི་རྒྱལ་ཁབ་སོ་སོའི་ཁྲིམས་དང་མ་འགལ་ཞིང༌། རང་རེ་བཙན་བྱོལ་གཞུང་མང་སྤྱི་སྒེར་གྱི་གནས་སྟངས་དང་དགོས་མཁོ་སོགས་ལའང་འོས་ཤིང་འཚམས་པ་གཙོ་བཟུང་གིས་ལེགས་ཆ་སྡུད་སྒྲིག་གནང་ཞིང༌།

དེ་ཡང་བོད་མིའི་སྲོལ་རྒྱུན་ཁྲིམས་ལུགས་དང༌། འགྲོ་སྟངས། གཞན་ཡང་ཕྱིའི་མང་གཙོའི་རྒྱལ་ཁབ་ཁག་གི་གནའ་དེང་ཁྲིམས་ལུགས་རྩ་འགྲེལ་འདྲ་མིན་གྱིས་གཙོས་འབྲེལ་ཡོད་ཡིག་ཆ་སོགས་ལ་ཞིབ་འཇུག་གིས་ལེགས་ཆ་བླངས་མཐར། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དང༌། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག དཔང་རྟགས་རྩ་འཛིན་ཁྲིམས་ཡིག་བཅས་ཁྲིམས་ཡིག་གསུམ་བཟོ་འགོད་གནང་སྟེ།

ཕྱི་ལོ་ ༡༩༩༦ ཟླ་ ༣ ཚེས་ ༢༨ ཉིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོག་མཆན་བཀའ་འཁྲོལ་དང་འབྲེལ་གཏན་འབེབས་མཛད་པ་ནས་བཟུང་ད་བར་ལག་བསྟར་ཞུས་མུས་སུ་ཡིན་པ་དང་། དུས་ནས་དུས་སུ་བསྐྱར་བཅོས་ཇི་དགོས་བཅའ་ཁྲིམས་དོན་ཚན་ ༦༧ པའི་དགོངས་དོན་ལྟར་ལག་བསྟར་ཞུ་མུས།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ།

༡།  ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སོ་སོའི་གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ཚང་འཛོམས་བྱུང་ན་སྨོས་མེད་དང་། གལ་ཏེ་ཚང་འཛོམས་མ་ཐུབ་ཚེ་ངོ་ཡོད་ལྷན་ཚོགས་ཀྱིས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་བསྐོ་འཛུགས་བྱས་པའི་མི་འགྲོ་གསུམ་མམ་ལྔ་ཡོད་པའི་འདེམས་སྒྲུག་ཚོགས་ཆུང་གིས་ཉིས་ལྡབ་ལས་མ་ཉུང་བའི་འཆར་ཕུལ་ལྟར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུའི་ལམ་ནས་མང་མོས་ཐོབ་པ་དེར་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པར་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ།

༢།  ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་ནི།

ཀ   བོད་ཀྱི་ཡུལ་མི་ཡིན་པ་དང༌།

ཁ   རང་ལོ་ལྔ་བཅུ་ཧྲིལ་པོ་ལོན་པ་ཡན།

ག   ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་བཞི་བཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་མི་དགོས།

༣། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་འཕོ་འགྱུར་དགོས་པའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས། དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུན་ལོ་ལྔའམ་རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་ལོན་པ་གང་སྔའི་བར་ཡིན། ཁྲིམས་ཞིབ་པ་གཞན་གཉིས་ལས་རྒྱུན་ལོ་ལྔའམ་རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་ལོན་པ་གང་སྔའི་བར་ལས་འཁུར་རྒྱུན་འཛིན་བྱ་རྒྱུ། འོན་ཀྱང་རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་མ་བརྒལ་བར་ཁྲིམས་ཞིབ་པ་ཆེ་བར་འོས་འདེམས་བྱུང་ན་དགག་བྱ་མེད།

བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་འོག་མ་ཁག

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཤམ་འོག་ཏུ་སྐོར་སྐྱོད་ཁྲིམས་ཞིབ་ཁང༌དང་། དེའི་འོག་ཏུ་ས་གནས་ཁྲིམས་ཞིབ་ཁང་བཅས་ཁྲིམས་ཞིབ་ཁང་རིམ་པ་གཉིས་ཡོད།

ཀ སྐོར་སྐྱོད་ཁྲིམས་ཞིབ་ཁང་།

ས་གནས་ཁྲིམས་ཞིབ་ཁང་ཁག་ནས་ཐག་གཅོད་བྱས་པའི་བཅད་ཁྲ་གོང་ཞུ་དང་། སྐོར་སྐྱོད་ཁྲིམས་ཞིབ་ཁང་གི་ཐོག་མའི་གཏུག་བཤེར་གྱི་ཁྲིམས་ཁོངས་ཁྱབ་ཚད་དུ་ཡོད་པའི་ཁ་མཆུ་རིགས་ཞུ་གཏུག་ཆེད། ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༢༨ ཉིན་རྒྱ་གར་བྱང་ཕྱོགས་བདེ་སྐྱིད་གླིང་གཞིས་ཆགས་སུ་བཙན་བྱོལ་བོད་མིའི་སྐོར་སྐྱོད་ཁྲིམས་ཞིབ་ཁང་གསར་འཛུགས་བྱས་ཡོད།

ཁ། ས་གནས་ཁྲིམས་ཞིབ་ཁང་།

༡།  བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་།

ཕྱི་ལོ་ ༢༠༠༡ ཟླ་ ༡༡ ཚེས་ ༩ ཉིན་སྡེ་ར་ལྡུན་བདེ་སྐྱིད་གླིང་གཞིས་ཆགས་སུ་གསར་འཛུགས་བྱས།

༢།  ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་།

ཕྱི་ལོ་ ༢༠༠༣ ཟླ་ ༥ ཚེས་ ༡ ཉིན་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་སུ་གསར་འཛུགས་བྱས།

༣། ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་།

ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་སུ་གསར་འཛུགས་བྱས།

ཁྲིམས་ཞིབ་ཁང་གི་འཛིན་སྐྱོང༌།

ཆེས་མཐོའི་ཁྲིམས་ཞིབ་ཁང་དང༌། ཁྲིམས་ཞིབ་ཁང་འོག་མ་ཁག་ལ་འགན་འཛིན་སྡེ་ཚན་དང་ལས་བྱའི་སྡེ་ཚན་བཅས་ཀྱི་ས་མིག་ཇི་དགོས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ལྷན་ཚོགས་སུ་གོ་བསྡུར་གཏན་འབེབས་ཀྱིས་བཀའ་ཤག་བརྒྱུད་ལས་བྱེད་འདེམས་བསྐོ་ལྷན་ཁང་ལ་འབུལ་གྱི་ཡོད།

ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་དང་ལས་བྱེད།

༡།  ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ལྷན་ཚོགས་སུ་ཁྲིམས་དྲུང་གི་མི་འགྲོའི་སྐོར་གོ་བསྡུར་བྱས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་པ་སྤྱིའི་སྒྲིག་སྲོལ་ལྟར་གནས་སྤོ་དང༌། གནས་སྤར། ཞབས་གཡར་གང་རུང་གི་ཐོག་ཁྲིམས་ཞིབ་པ་ཆེ་བས་བཀའ་ཤག་ལ་གོ་བསྡུར་གྱིས་བསྐོ་གཞག་བྱ་རྒྱུ།

༢། ཆེས་མཐོའི་ཁྲིམས་ཞིབ་ཁང་དང་ཁྲིམས་ཞིབ་ཁང་འོག་མ་ཁག་བཅས་ཀྱི་ལས་བྱེད་པ་རྣམས་བཀའ་ཤག་ནས་ཁྲིམས་ཞིབ་ཁང་དང་གོ་བསྡུར་གྱིས་ལས་བྱེད་པ་སྤྱིའི་སྒྲིག་སྲོལ་ལྟར་གསར་བསྐོ་དང་། གནས་སྤོ། གནས་སྤར། ཞབས་གཡར། ཆོད་གན་བཅས་གང་རུང་གི་ཐོག་ནས་བསྐོ་གཞག་བྱ་རྒྱུ།། །།

རྒྱས་པར་ཤེས་འདོད་ཡོད་ཚེ་འདིར་གནོན། trimzin.net

Menu