དབུས་འོས་བསྡུ་ལས་ཁང་གི་ངོ་སྤྲོད།
༅༅། །བོད་རྒྱལ་ལོ་ ༢༡༡༨ ཟླ་ ༥ ཚེས་ ༢ དང་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༤ ཉིན་སྐབས་ ༡༡ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ལྕགས་ལུག་ཟླ་ ༥ ཚེས་ ༡༦ དང་ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་ཆོག་མཆན་བཀྲིན་སྩལ་ཉིན་ནས་ཁྲིམས་སུ་བཅས་པའི་མང་གཙོའི་ཀ་བ་གསུམ་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་ཡན་ལག་དང་བཅས་པ་གསར་གཏོད་གནང་བའི་ནང་ཚན་དབུས་འོས་བསྡུ་ལས་ཁང་ནི་རང་དབང་ཅན་གྱི་སྡེ་ཚན་གལ་ཆེ་བ་ཞིག་ཡིན་པ་དེ་དག་གི་འགན་དབང་གཙོ་གལ་ཆེ་བ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྣམ་པ་དང་། ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་། ས་གནས་འཐུས་ཚོགས། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་། དེ་བཞིན་རྒྱལ་ཁབ་ཀྱི་ལས་དོན་གལ་ཆེ་རིགས་མང་མོས་འོས་བསྡུའི་ལམ་ནས་ཐག་གཅོད་བྱེད་དགོས་ཅི་རིགས་བཅའ་ཁྲིམས་དགོངས་དོན་འོས་བསྡུའི་ལས་རིམ་ཁག་སྐབས་འཕྲལ་ལག་ལེན་འཐུས་ཚང་བལྟར་དགོས་པ་ཡིན། འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དང་། འགན་འཛིན་ལས་འཕར། ལས་བྱེད་ཆེ་ཕྲ་ཡོངས་རྫོགས་ནས་འོས་བསྡུའི་ལས་དོན་ཅི་རིགས་གང་ཟག་དང་ཆགས་སྡང་ཕྱོགས་ལྷུང་གི་དབང་དུ་མ་སོང་བ་བཙན་བྱོལ་བོད་མིའི་བཅའ་སྒྲིག་དོན་ཚན་ཁག་གི་འབྲུ་དོན་ལྟར་འོས་བསྡུའི་ལས་རིམ་དང་འབྲེལ་ཆགས་རྣམས་དུས་བཀག་རྒྱས་བཅད་ནང་ལག་བསྟར་བྱེད་དགོས།
དབུས་འོས་བསྡུ་ལས་ཁང་གི་བྱུང་རིམ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་རིགས་ལ་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་བཀྲིན་ཆེ་སྩལ་གྱིས་ཆོལ་གསུམ་བོད་མིས་འོས་འདེམས་བྱས་པའི་སྤྱི་འཐུས་སྐབས་དང་པོ་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ལས་འཁུར་དམ་འབུལ་ཞུས་ཡོད་ཀྱང་། དེའི་སྐབས་མི་མང་ལ་འོས་འཕེན་སྟངས་མང་གཙོའི་ལམ་ལུགས་དང་མཐུན་པའི་སློབ་འཁྲིད་ལམ་སྟོན་བྱེད་ཐུབ་པའི་འོས་བསྡུ་ལས་ཁང་མེད་པར་རིམ་བཞིན་ཡར་རྒྱས་ཕྱིན་ཏེ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་སྔ་ཕྱི་དགོངས་དོན་རྒྱ་གར་གྲོས་ཚོགས་འཐུས་མི་འོས་འདེམས་བྱེད་སྟངས་ཀྱི་སྒྲིག་གཞི་ནས་རང་རེའི་གནས་སྟངས་ལ་མཁོ་འཚམ་ཡོད་པའི་ལེགས་ཆ་རྣམས་ཕྱོགས་བཏུས་ཀྱིས་མི་མང་འཐུས་མི་འོས་འདེམས་བྱེད་ཕྱོགས་འོས་བསྡུའི་སྒྲིག་གཞིག་གཏན་འབེབས་ཐོག་ཕྱི་ལོ་ ༡༩༧༤ ཟླ་ ༡༡ ཚེས་ ༢༡ ཉིན་ཡོངས་ཁྱབ་གསལ་བསྒྲགས་དང་སྦྲགས་སྤྱི་འཐུས་སྐབས་བཅུ་པ་བར་སྒྲིག་གཞི་དེ་རང་ལག་བསྟར་གནང་།
ས་གནས་འོས་བསྡུ་ལས་ཁང་གསར་འཛུགས་མང་གཙོའི་ལམ་ཕྱོགས་སུ་མདུན་བསྐྱོད་ཆེ་རུ་འགྲོ་སླད་བཀའ་འབྲེལ་ལྟར་དམིགས་བསལ་ཚོགས་ཆེན་ཞིག་ཕྱི་ལོ་ ༡༩༩༠ ཟླ་ ༥ ཚེས་ ༡༡ ཉིན་འདུ་འཛོམས་གནང་བའི་གྲོས་ཆོས་ཇི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་ཟུར་བློ་བཟང་དར་རྒྱས་འོས་བསྡུའི་འགན་འཛིན་དུ་བསྐོ་གཞག་སྩལ་ཏེ་དམིགས་བསལ་ཚོགས་ཆེན་གྱི་གྲོས་ཆོད་གཞི་བཟུང་འོས་བསྡུའི་སྒྲིག་གཞི་རྙིང་པར་སྣོན་འཕྲི་སྤོར་གཅོག་ཇི་དགོས་དང་གསར་བཟོ་ཕྱོགས་སྒྲིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གསན་བཀའ་འཁྲོལ་སྩལ་སྨིན་བྱུང་སྟེ་འོས་བསྡུའི་སྒྲིག་གཞི་གཏན་འབེབས་གནང་བའི་བརྗོད་དོན་གཞི་བཟུང་བོད་མི་མང་སྤྱི་འཐུས་སྐབས་བཅིུག་པ་འོས་འདེམས་ཞུས། སྐབས་བཅིུག་པའི་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་། དེ་ནས་རིམ་བཞིན་ཕྱི་ལོ་ ༡༩༩༡ ཟླ་ ༩ ཚེས་ ༣༠ ཉིན་བཅའ་ཁྲིམས་དགོངས་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དང་པོ་དེ་བསྐོ་གཞག་སྩལ་སྨིན་ཐོག་འོས་བསྡུ་ལས་ཁང་གསར་འཛུགས་ཞུས། དེའི་སྐབས་འོས་འདེམས་བྱུང་བའི་སྐབས་བཅིུག་པའི་སྤྱི་འཐུས་ཤིག་ནས་དམ་འབུལ་ལས་འཁུར་མ་ཞུས་གོང་དགོངས་པ་ཞུས་འཁྲོལ་བྱུང་བ་ཇི་བཞིན་ཚབ་གསར་འོས་འདེམས་ཞུ་རྒྱུར་འབྲེལ་ཡོད་སྤྱི་འཐུས་དེའི་ཆོལ་ཁའི་ཁོངས་སུ་སྒུག་ཐོ་མེད་པར་བཅའ་སྒྲིག་དགོངས་དོན་བར་མའི་འོས་བསྡུ་བྱེད་དགོས་པར་འོས་བསྡུའི་ལས་རིམ་ཁག་དུས་ཚོད་རྒྱས་བཅད་ནང་ལག་ལེན་འཐུས་ཚང་བསྟར་ཐུབ་ཆེད་བཙན་བྱོལ་བོད་མིའི་འདུས་སྡོད་ས་གནས་ཁག་ལ་ས་གནས་འོས་བསྡུ་ལས་ཁང་ཐོག་མར་གསར་འཛུགས་གནང་།
རང་དབང་ཅན་གྱི་སྡེ་ཚན།
བཅའ་སྒྲིག་དགོངས་དོན་འོས་བསྡུ་ལས་ཁང་འདི་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་རང་དབང་ཅན་གྱི་སྡེ་ཚན་ཞིག་ཡིན་པར་སོང་འོས་བསྡུའི་ལས་དོན་ཁག་བཅའ་སྒྲིག་དགོངས་དོན་ལག་ལེན་བསྟར་ཕྱོགས་ཐོག་སུ་གང་ནས་ལམ་སྟོན་ཐེ་བྱུས་བྱས་མི་ཆོག་པ་དེ་ལྟར་ཡང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་བོད་མི་གནས་ཡུལ་ས་གནས་ཁག་ནང་བོད་རིགས་ནང་ཁུལ་འོས་བསྡུའི་ལས་རིམ་ལག་ལེན་བསྟར་ཕྱོགས་སུ་བསམ་ཚུལ་མཐུན་མིན་བྱུང་ཚེ་འོས་བསྡུའི་ལས་རིམ་གཏན་འབེབས་ཟིན་པ་ཞི་འཇམ་གཏན་ལྷིང་ཐོག་ལག་བསྟར་ཐུབ་མིན་འཛིན་སྐྱོང་གི་ཐོག་ནས་དྭོགས་གཞི་ཡོང་སྐབས་འབྲེལ་ཡོད་བོད་མིའི་སྡོད་སྒར་ས་གནས་སུ་འོས་བསྡུའི་ལས་རིམ་ལ་འོས་བསྡུ་ལས་ཁང་ནས་བསྐྱར་ཞིབ་ཡོང་ཐབས་འབྲེལ་མོལ་གནང་དགོས་པ་སྐབས་སོ་སོར་ཡོང་ངེས།
བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་ལས་རིམ་ཐོག་རྒྱུན་དུ་དོ་སྣང་གནང་མཁན་བོད་ཀྱི་ཡུལ་མིའི་ཆ་རྐྱེན་ཚང་བ་སེར་སྐྱ་མང་ཚོགས་ནས་འོས་བསྡུ་ལས་ཁང་ནས་བཙན་བྱོལ་བོད་མིའི་འོས་བསྡུ་ལས་ཁང་དང་། འོས་བསྡུའི་ལས་རིམ་དྲྭ་རྒྱའི་ནང་གནས་ཚུལ་ཕྱོགས་བསྡུས་འགྲེམས་སྤེལ་ཞུས་པ་འདི་ཁོ་ནས་འཐུས་ངེས་དགོངས་པ་མ་བཞེས་པར་ལོ་རེ་ནང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་རེ་ཚོགས་སྐབས་འོས་བསྡུའི་ལས་རིམ་ཐོག་ཁྲིམས་སྒྲིག་གསར་གཏོད་དང་བསྐྱར་བཅོས་གནང་མིན་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་འོས་བསྡུའི་དོན་ཚན་ཁག་དང་། འོས་བསྡུའི་སྒྲིག་གཞི་བཅས་ལ་དུས་ནས་དུས་སུ་གཟིགས་ཞིབ་གནང་ཐུབ་ན་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་ལམ་ལུགས་གསལ་རྟོགས་ཐུབ་ངེས་བཅས་སོ། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་༡ བཟང་པོར།