སྤྱི་ཁྱབ་རྩིས་ཞིབ་ལས་ཁང་།
ངོ་སྤྲོད་།ལས་ཁུངས་གསར་འཛུགས།
བཅའ་ཁྲིམས་ལྟར་རང་དབང་ཅན་པའི་སྡེ་ཚན།
རྩིས་ཞིབ་བྱ་དགོས་སྡེ་ཚན་དང་ལས་བྱེད་གྲངས་འབོར།
རྩིས་ཞིབ་གནང་ཕྱོགས།
ལས་བྱེད་ཀྱི་ཤེས་ཚད།
ཡན་ལག་གསར་འཛུགས།
གཞན་འགན་འཁུར།
ཕན་ཐོགས།
མཇུག་བསྡོམས།
སྤྱི་ཁྱབ་རྩིས་ཞིབ་ལས་ཁང་།
རྩིས་ཞིབ་ཅེས་པའི་ཐ་སྙད་ནས་རྩིས་ཞིབ་པས་ལས་འགན་ཇི་ཡིན་རོབ་ཙམ་གསལ་སྟོན་ཐུབ་ཀྱི་ཡོད། རྩིས་ཞིབ་པས་ལས་འགན་ཐད་ལའང་རྩིས་ཞིབ་བྱུང་རིམ་གྱི་ལོ་རྒྱུས་སྔ་བར་ཕྱི་གསུམ་ལ་འགྱུར་བ་ཆེན་པོ་བྱུང་ཡོད། འཛམ་གླིང་འདིའི་ནང་ཡོད་རྒྱལ་ཁབ་ཚང་མར་ཞིབ་ཚགས་ཆེ་ཆུང་གི་ཁྱད་པར་ཙམ་ལས་རྩིས་ཞིབ་ཡོད་མུས་ཡིན། རྩ་བའི་རྩིས་ཞིབ་ལ་ནང་གསེས་འདྲ་མིན་ཡོད་པ། དཔེར་ན། འཛིན་སྐྱོང་རྩིས་ཞིབ་དང་། མ་གནས་རྩིས་ཞིབ། སྤྱི་ཚོགས་བདེ་རྩའི་རྩིས་ཞིབ། གྲུབ་འབྲས་གནད་སྨིན་རྩིས་ཞིབ། གསར་དུ་བྱུང་བ་ཁོར་ཡུག་གི་རྩིས་ཞིབ་དང་། དེ་མིན་ལས་དོན་འདྲ་མིན་ལ་རྩིས་ཞིབ་ཀྱང་འདྲ་མིན་བྱ་རྒྱུ་ཡོད་པ་བཅས་ཡིན། ལས་དོན་གང་འདྲ་ཞིག་ཡིན་རུང་རྩིས་ཞིབ་པ་ཕྱི་ནས་ཞབས་གླ་ཕུལ་ཏེ་གླ་རྒྱུ་ཡོད་པ་ཞིག་ཡིན། དེའི་རིགས་ནས་དང་པོའི་བསྐོ་བཞག་དགོངས་དོན་ལྟར་ཕྱག་ལས་གནང་གིས་ཡོད། རྩིས་ཞིབ་ལས་ཁང་འདི་བཞིན་གཞུང་གི་རྩིས་ཞིབ་པའི་ (Govt Auditor) ལས་འགན་འཁུར་དགོས་པར་སོང་གོང་གསལ་ཕྱི་ནས་གླས་པའི་རྩིས་ཞིབ་པ་དང་ཕྱག་ལས་གནང་ལམ་མི་འདྲ་བ་དང་འཛིན་སྐྱོང་གི་ལས་དོན་ཐོག་ལའང་དམིགས་བསལ་དགེ་འདོན་སྐྱོན་སེལ་ཤུགས་ཆེ་བྱ་སྲོལ་ཡོད།
ལས་ཁུངས་གསར་འཛུགས།
༡༩༦༢ ལོའི་བཙན་བྱོལ་བོད་གཞུང་མང་གི་ལོ་འཁོར་སྲི་ཞུའི་ལས་བསྡོམས་ཚོགས་ཆེན་ཐེངས་གསུམ་པའི་གྲོས་ཆོད་དགོངས་དོན་ལས་ཁུངས་ཁག་གི་འགྲོ་སོང་གི་རྩིས་ཁྲར་རྩིས་ཞིབ་བྱ་རྒྱུར་རྩིས་ཞིབ་ལས་ཁུངས་ཤིག་ཟུར་འཛུགས་ཞུ་རྒྱར་འཆར་ཕུལ་ཕྱག་རྟགས་དགོངས་དོན་སྒྲིག་གཞི་གཏན་འབེབས་བྱུང་བ་ནས་བཟུང་ལས་ཁུངས་ཟུར་འཛུགས་དང་འབྲེལ་བོད་གཞུང་ལས་ཁུངས་མ་ལག་གི་ལོ་འཁོར་སྔོན་རྩིས་ཀྱི་བྱུང་སོང་ཁག་ལ་རྩིས་ཞིབ་གནང་རྒྱུ་གནང་བ་ལྟར་སྐབས་དེ་ནས་འགོ་འཛུགས་ཞུས་ཡོད་པ་དང་། རིམ་བཞིན་བོད་གཞུང་གི་མཛད་བྱུས་གོང་འཕེལ་དུ་འགྲོ་བ་དང་བསྟུན་རྩིས་ཞིབ་ལས་ཁང་ཡང་རྒྱ་བསྐྱེད་ཀྱི་ ༡༩༨༠ ནས་ཕྱོགས་མཐའི་མི་མང་མཉམ་འབྲེལ་དང་གཞན་ཡང་སྤྱི་ཚོགས་བདེ་རྩའི་ཚན་པ་ཁག་ལའང་རྩིས་ཞིབ་བྱ་རྒྱུ་འགོ་འཛུགས་ཞུས། དེ་ཡང་ཕྱོགས་མཐའི་སྡེ་ཚན་ཁག་གི་རྩིས་ཞིབ་ཐད་ས་གནས་གཞུང་གི་ཁྲིམས་སྲོལ་རྩ་བཟུང་ཐོག་འདི་གའི་རྩིས་ཞིབ་ནས་བཟོ་བཏོན་བགྱིས་པའི་རྩིས་ཤོག་ལ་ངོས་ལེན་ཡོང་ཆེད་འདི་ནས་རྒྱ་གར་ཆེས་མཐོའི་རྩིས་ཞིབ་པ་དང་མཉམ་གཉིས་མོས་ཆོད་གན་འཇོག་གནང་གིས་གཞི་རྩའི་རྩིས་ཞིབ་འདི་ནས་ཞུ་རྒྱུ་དང་། དག་མཆན་གཉིས་ཕྱོགས་ནས་འགོད་རྒྱུ་སོགས་ཀྱི་ཆ་རྐྱེན་བཞག་ཐུབ་པ་ནི་སྤྱི་སྨན་དགེ་མཚན་ཆེན་པོ་བྱུང་ཡོད། ད་ལྟའི་ཆར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་རྩིས་ཞིབ་ཞུ་བཞིན་ཡོད།
བཅའ་ཁྲིམས་ལྟར་རང་དབང་ལྡན་པའི་སྡེ་ཚན།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་མ་བྱུང་སྔོན་རྩིས་ཞིབ་ལས་ཁང་འདི་བཞིན་འཛིན་སྐྱོང་གི་ཚན་པ་ལྟ་བུར་གནས་ཡོད། ༡༩༩༡ ལོར་བཅའ་ཁྲིམས་གཏན་འབེབས་བྱུང་བ་ནས་བཟུང་འཛིན་སྐྱོང་སྤྱི་ཁྱབ་བཀའ་ཤག་གི་ཐད་ཀའི་བཀོད་ཇུས་འོག་མ་ཡིན་པར་རང་དབང་ཅན་གྱི་སྡེ་ཚན་ཞིག་ཏུ་བསྒྱུར་བ་དང་ཆབས་ཅིག་རྩིས་ཞིབ་སྤྱི་ཁྱབ་པའང་བཅའ་ཁྲིམས་དགོངས་དོན་༸གོང་ས་མཆོག་ནས་བསྐོ་གཞག་གནང་དགོས་པ་དང་། ༢༠༡༡ ལོར་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བསྐོ་གཞག་བྱེད་དགོས། ལས་ཁང་གི་འགན་དབང་ཡང་བཅའ་ཁྲིམས་དང་སྒྲིག་གཞི་ནང་གསལ་ཡོད་སྟབས་འདི་གའི་ལས་འགན་འཁུར་ཕྱོགས་ལ་ཁྱད་པར་ཆེན་པོ་ཆགས་ཡོད། དཔེར་ན། དེ་སྔ་འདི་ནས་སྡེ་ཚན་གང་ཞིག་ནས་རེ་འདུན་བྱུང་བའམ་བཀའ་སྤྱི་གཉིས་ནས་རྩིས་ཞིབ་དགོས་གལ་གཟིགས་ཏེ་བཀའ་མངགས་གནང་ཁག་ལ་མ་གཏོགས་རྩིས་ཞིབ་བྱ་ལམ་མེད་པ་ལྟ་བུ་ཡང་ད་ཆ་བོད་གཞུང་ལས་ཁུངས་མ་ལག་དང་ཁྱབ་ཁོངས་ཟུར་སྐྱོང་ཚན་པ་ཕལ་མོ་ཆེ་ལ་འདི་ནས་རྩིས་ཞིབ་ངེས་པར་དུ་བྱ་དགོས་ཆགས་པ་ལྟར་ཞུ་མུས་ཡིན།
རྩིས་ཞིབ་བྱ་དགོས་སྡེ་ཚན་དང་ལས་བྱེད་གྲངས་འབོར།
བཅའ་སྒྲིག་དགོངས་དོན་འདི་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། གཞུང་འཛིན་གྱི་ལས་ཁུངས་མ་ལག གཞུང་ནས་དགོས་དངུལ་ཆ་ཤས་སམ་དམིགས་བསལ་ལས་དོན་ཆེད་བསྩལ་དགོས་ཀྱི་རང་སྐྱོང་སྒྲིག་འཛུགས། གཞུང་གི་ཁྱབ་ཁོངས་སུ་གཏོགས་ཀྱང་དགོས་དངུལ་གཞུང་ནས་བསྩལ་མ་དགོས་པའི་རང་སྐྱོང་སྒྲིག་འཛུགས་སོགས་ལས་ཁུངས་མ་ལག་སྡེ་ཚན་བསྡོམས་གྲངས་ ༣༤༤ ལ་རྩིས་ཞིབ་ཞུ་དགོས་པ་དེ་ལྟར་ཡང་། ད་ལྟའི་ཆར་རྩིས་ཞིབ་མི་འགྲོ་དང་གཞན་ཡང་མཐུན་རྐྱེན་གནས་སྟངས་ལ་གཞིགས་པའི་འདི་ག་དབུས་དང་། ལྷོ་ཕྱོགས་སྦེལ་ཀོབ། བལ་ཡུལ་ཀཐ་མན་གྲུ། སྡེ་ར་ལྡུན་བདེ་སྐྱིད་གླིང་ཡན་ལག་བཅས་ནས་ ༢༠༡༢།༣།༣༡ བར་སྡེ་ཚན་གྲངས་ ༢༠༡ ལ་མ་གཏོགས་རྩིས་ཞིབ་ཐུབ་ཀྱི་མེད། འདི་གར་རྩིས་ཞིབ་མི་འགྲོ་སྤར་བྱ་དང་འབྲེལ་རིམ་བཞིན་སྡེ་ཚན་ཡོངས་ལ་རྩིས་ཞིབ་ཞུ་ཐུབ་རེ་ཡོད། ༢༠༡༢།༡༠།༡༠ ཉིན་འདི་གའི་ལས་ཁང་མ་ལག་ཁག་ནང་ལས་བྱེད་ས་མིག་གྲངས་ ༥༣ བཀའ་འཁྲོལ་ཡོད་ནའང་ད་ལྟ་ལས་བྱེད་ངོ་ཡོད་གཞུང་བསྐོས་ལས་བྱེད་ ༤༨ དང་ཉིན་གླའི་འཕྲལ་སེལ་ལས་བྱེད་ ༢ བཅས་བསྡོམས་ལས་བྱེད་གྲངས་ ༥༠ ལས་མེད།
རྩིས་ཞིབ་གནང་ཕྱོགས།
འདི་ནས་རྩིས་ཞིབ་ཞུ་སྐབས་གཙོ་བོ་རྩིས་ཁྲ་ཁག་རྩིས་ཁྲིམས་ལྟར་བཞག་ཡོད་མེད་དང་། དེའི་ཐོག་ས་གནས་ཁྲིམས་དང་། ཚོགས་ཁྲིམས། (Bye-Laws) འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཁག བཙན་བྱོལ་བོད་མིའི་བཅའ་ཁྲིམས། རྩིས་ཞིབ་སྒྲིག་གཞི་སོགས་དང་འགལ་མིན་ཐོག་སྐབས་མཚམས་སོ་སོའི་གནས་ཚུལ་དང་གསལ་བཤད་ཇི་ཞུས་བཅས་ཀྱི་གནས་ལུགས་རྣམས་གཞིར་བཟུང་རྩིས་ཞིབ་ཞུ་མུས་ཡིན། མདོ་དོན་ད་ལྟའི་བཙན་བྱོལ་མིའི་སྒྲིག་འཛུགས་གྱི་་གནས་བབས་དང་བསྟུན་རྩིས་ཞིབ་རུ་ང་ཞིབ་ཚགས་དང་། ལམ་སྟོན་སྟངས་འཛིན་སོགས་ཞུ་སྒོ་ཚད་ལྡན་ཡོང་ཐབས་སུ་འབད་བརྩོན་ཆེ་བསྐྱེད་ཞུས་དང་ཞུ་མུས་ཡིན། གཞུང་གི་རྩིས་ཞིབ་པ་ཡིན་པའི་ཆ་ནས་དངུལ་གྱི་འགྲོ་སོང་བཏང་བ་ནས་དེ་ལ་ཁེ་ཕན་ཇི་བྱུང་སོགས་ཞིབ་ཕྲ་བལྟ་དགོས་ཀྱི་ཡོད་པར་སོང་མི་མང་གི་དངུལ་སྲུང་མཁན་ (Watch Dog of Public Money) རེད་ཅེས་བཤད་སྲོལ་ཡོད། ད་ལྟ་ང་རང་ཚོའི་སྤྱི་ཚོགས་ནང་རྩིས་ཞིབ་པ་སླེབས་སྐབས་སྐྱོན་འདོན་བྱ་མཁན་ཞིག་དང་རྩིས་ཞིབ་པས་ལས་འགན་གཙོ་བོ་རྩིས་ནོར་དང་དངུལ་དངོས་སྦས་སྐུམ་གནང་ཁག་ཐེར་འདོན་གནང་རྒྱུ་ཡིན་པར་ངོས་འཛིན་གནང་གི་ཡོད་ཀྱང་། དོན་དངོས་སུ་དེ་ནི་ཞར་བྱུང་གི་ལས་འགན་ཞིག་ཡིན། རྩིས་ཞིབ་པས་ལས་འགན་གཙོ་བོ་ནི་འཛིན་སྐྱོང་ཚགས་ཚུད་བྱུང་ཐབས་དང་རྩིས་ཁྲའི་ཐོག་བསམ་ཚུལ་ཞུ་རྒྱུ་དེ་ཆགས་ཀྱི་ཡོད། དེར་བརྟེན་རྩིས་ཞིབ་བྱས་པའི་སྡེ་ཚན་གང་ཞིག་གི་རྩིས་ཁྲའི་ནང་ནོར་འཁྲུལ་དང་སྦས་སྐུམ་བྱེད་པ་ཆ་ཚང་འཐེར་འདོན་ཐུབ་དགོས་པ་ངེས་བརྟན་གྱི་ཁྱབ་པ་གང་ཡང་མིན།
ལས་བྱེད་ཀྱི་ཤེས་ཚད།
རྩིས་ཞིབ་ལས་ཁང་གི་སྒྲིག་གཞི་དོན་ཚན་ ༤ (༢) ཀ༽ དགོངས་དོན་འདི་གའི་ལས་བྱེད་ས་མིག་རྩ་འབོར་གྱི་བརྒྱ་ཆ་ ༥༠ ལས་མ་ཉུང་བ་ཞིག་དམའ་མཐར་རྩིས་ཀྱི་མཐོ་སློབ་ལག་འཁྱེར་སྦི་ཀོམ་ཐོན་པའི་ཐོག་རྩིས་ཞིབ་ཆེད་སྦྱོང་ཐོན་པ། ཡང་ན་རྩིས་པའི་ལས་འཁུར་ལོ་བརྒྱད་ལས་མི་ཉུང་བ་ཞུས་པའི་རྩིས་ཀྱི་ཉམས་མྱོང་ཡོད་ཐོག་རྩིས་ཞིབ་ཆེད་སྦྱོང་ཐོན་པ་ཞིག་དགོས་ཞེས་གསལ་གྱི་ཡོད། དེ་བསྟུན་འདི་ནས་རྩིས་ཞིབ་ཆེད་སྦྱོང་ཆེད་རྒྱ་གར་དབུས་གཞུང་རྩིས་ཞིབ་སྤྱི་ཁྱབ་ལས་ཁང་ (Comptroller and Auditor General of India) དུ་བཀའ་མོལ་ཞུས་ཏེ་སིམ་ལ་ས་གནས་མངའ་སྡེ་རྩིས་ཞིབ་ལས་ཁང་ (Office Of the Accountant General, H.P. Shimla) དུ་དང་ཐོག་ཟླ་དྲུག་དང་ཕྱི་སུ་ཟླ་བ་གསུམ་གྱི་རྩིས་ཞིབ་སྦྱོང་བརྡར་སྔ་ཕྱི་ཁག་ལྔ་དང་། ཡང་སྦེང་ལོར་ཀར་ན་ཀྲ་ཀ་མངའ་སྡེ་རྩིས་ཞིབ་ལས་ཁང་དུ་ཟླ་དྲུག་སྦྱོང་བརྡར་ཚར་གཅིག་གོ་སྒྲིག་ཞུས། ཡང་དབུས་གཞུང་མཉམ་འབྲེལ་སྦྱོང་བརྡར་ལས་ཁང་ (National Council for Cooperative Training) བརྒྱུད་ཅན་ལྷི་གྷར་ས་གནས་སན་ཇེ་གྷན་ལྷིའི་མཉམ་འབྲེལ་སྦྱོང་བརྡར་ཁང་ National Council for Cooperative Training དུ་ཟླ་གསུམ་མཉམ་འབྲེལ་རྩིས་ཞིབ་སྦྱོང་བརྡར་ཚར་གསུམ་གོ་སྒྲིག་དང་། ལྡི་ལི་ Indian Institute of Public Administration དུ་དུས་ཐུང་སྦྱོང་བརྡར་ཐེངས་གཉིས་བཅས་གོ་སྒྲིག་གིས་འདི་གའི་ལས་བྱེད་རྣམས་གང་ཐུབ་ཀྱིས་རྩིས་ཞིབ་བྱ་རྒྱུ་ཚད་འཕེར་བ་བཟོ་མུས་ཐོག་དུས་རྒྱུན་དུ་ཕྱོགས་བསྐྱོད་རྩིས་ཞིབ་སྐབས་ཀྱང་རྩིས་ཞིབ་པ་རྒན་པ་རེ་མཉམ་གཞོན་པ་རེ་སྱར་ཏེ་བཏང་དང་གཏོང་བཞིན་པ་བཅས་ནས་གང་ཐུབ་ལས་བྱེད་གསོ་སྐྱོང་གནང་མུས་དང་། ཡང་ལས་བྱེད་རེ་གཉིས་ལ་དུས་ཐུང་སྦྱོང་བརྡར་གཞན་ཡང་གོ་སྒྲིག་ཞུས་ཡོད།
ཡན་ལག་གསར་འཛུགས།
དེ་སྔ་ཡིན་ན་རྩིས་ཞིབ་ཆེད་རྡ་ས་ནས་ཕྱོགས་བསྐྱོད་བྱ་དགོས་ཆགས་ཀྱི་ཡོད་སྟབས་འགྲོ་གྲོན་དང་། འགྲིམ་འགྲུལ་གྱི་དུས་ཚོད་གཉིས་ཀའི་ཆ་ནས་ངལ་བ་འཕྲད་བཞིན་ཡོད། འདི་ནས་ ༡༩༩༠ ལོར་མའི་སོར་སྦེལ་ཀོབ་ཏུ་ཡན་ལག་གཅིག་དང་། ༡༩༩༣ ལོར་བལ་ཡུལ་ཀཐ་མན་གྲུར་ཡན་ལག་གཅིག ༢༠༠༣ ལོར་བདེ་སྐྱིད་གླིང་དུ་ཡན་ལག་གཅིག་གསར་འཛུགས་གནང་བ་བཅས་ནས་ལས་འཕེར་ཆེ་བ་དང་གཞུང་གྲོན་ཐོག་བསྲི་ཚགས་བྱུང་ཡོད།
གཞན་འགན་འཁུར།
འདི་ནས་རྩིས་ཞིབ་ཙམ་མ་ཡིན་པར་ཡོང་འབབ་ཁྲལ་ཞིབ་སྙན་ཤོག་ (Income Tax Return Filing) ཕུལ་རྒྱུ་དང་། ཡང་ཕྱི་རྒྱལ་རོགས་དངུལ་ཞུ་འཐུས་བཀའ་འཁྲོལ་ཞུ་རྒྱུའི་མཚོན་ཚོགས་པ་དེབ་སྐྱེལ་གནང་རྒྱུ། རྩིས་ཀྱི་སྦྱོང་བརྡར་ནམ་ཚུགས་ལ་འདི་ནས་དགེ་རྒན་མི་འགྲོའི་མཐུན་འགྱུར་བཅས་ཞུས་དང་ཞུ་མུས་ཡིན།་ ཡོང་འབབ་ཁྲལ་ཞིབ་ཀྱི་ལས་དོན་ཁུངས་འཕེར་ཁྲིམས་མཐུན་བྱུང་ཐབས་སུ་འདི་ནས་སྔ་ཕྱི་ལས་བྱེད་ལྔ་ལ་སིམ་ལར་འདི་གའི་ཕྱག་སྦྲེལ་ཆེས་མཐོའི་རྩིས་ཞིབ་པའི་ལས་ཁང་དུ་ལོ་གཅིག་གི་སྦྱོང་བརྡར་གོ་སྒྲིག་གིས་ཁྲལ་ལས་གནང་འཐུས་ཀྱི་ཕྱག་འཁྱེར་ (Income Tax Practitioner Certificate ) ཡང་ཐོབ་ཡོད།
ཕན་ཐོགས།
བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ཞིབ་ལས་ཁང་ཟུར་འཛུགས་དང་འབྲེལ་སྡེ་ཚན་ཁག་ལ་རྩིས་ཞིབ་བྱེད་འགོ་ཚུགས་པ་ནས་བཟུང་སྤྱིར་སྡེ་ཚན་དེའི་གནས་སྟངས་འབྲེལ་ཡོད་ལས་ཁུངས་དང་འཛིན་སྐྱོང་གཙོ་བོ་བཀའ་ཤག་ནས་ཞིབ་ཕྲ་མཁྱེན་ཐུབ་པ་ཡོང་གི་ཡོད་པའི་ཐོག་ལོ་རིམ་བཞིན་སྡེ་ཚན་དེ་དག་གི་རྩིས་ཀྱི་གནས་སྟངས་ཡར་རྒྱས་སུ་འགྲོ་བ་དང་། སྡེ་ཚན་ཁག་ནང་རྩིས་འབྲེལ་སྦས་སྐུམ་སོགས་ཀྱི་རྙོག་གླེང་ཡང་ཉུང་དུ་འགྲོ་བ། མང་ཚོགས་ནས་ལས་བྱེད་པར་དོན་མེད་མཐོང་ཚུལ་མི་འབྱུང་བར་རྩིས་འབྲེལ་གནས་ལུགས་གསལ་པོར་རྟོགས་ཐུབ་པ། དཔལ་འབྱོར་གནས་སྟངས་དང་འཛིན་སྐྱོང་ཚགས་འཚུད་ཡར་རྒྱས་འགྲོ་བ་སོགས་ཀྱི་ཕན་ཐོགས་དགེ་མཚན་ཅི་ཆེ་ཡོང་གི་ཡོད་པ་དང་། རྩིས་ཞིབ་ཞུ་ཡུལ་སྡེ་ཚན་ཁག་གཅིག་ནས་རྩིས་ཞིབ་གླ་འབབ་ཕྲན་བུ་རེ་ཞུ་མུས་ནས་ལོ་ལྟར་དཔལ་འབྱོར་ལས་ཁུངས་སུ་སྔོན་རྩིས་ཡོང་དམིགས་ལ་ཕན་པ་འབུལ་ཐུབ་ཀྱི་ཡོད།
མཇུག་བསྡོམས།
རྩིས་ཞིབ་ཟིན་པའི་རྩིས་ཁྲའི་ནང་ནོར་འཁྲུལ་དང་སྦས་སྐུམ་བྱས་ཁག་རྩིས་ཞིབ་སྒྲུབ་རྗེས་དགེ་སྐྱོན་གནས་ལུགས་ཇི་ཆགས་འདི་ནས་སྙན་ཐོ་བཟོ་འགོད་ཀྱིས་ངོ་མ་སྡེ་ཚན་སོ་སོ་དང་། ངོ་བཤུས་རེ་བཀའ་དྲུང་ཡིག་ཚང་དང་འབྲེལ་ཡོད་དབུས་ཀྱི་ལས་ཁུངས་བཅས་ལ་འབུལ་མུས་སུ་ཡོད། སྙན་ཐོའི་ནང་གསལ་དོན་གནས་ཁག་ལ་མཇུག་འདེད་བྱ་རྒྱུ་སྡེ་ཚན་སོ་སོ་དང་། འཛིན་སྐྱོང་གཙོ་བོ་བཀའ་ཤག་གི་ལས་འགན་ཆགས་ཀྱི་ཡོད་ཀྱང་དོན་དངོས་སུ་མཇུག་འདེད་གནང་སྒོ་འདི་ག་རྩིས་ཞིབ་ལས་ཁང་གི་འདོད་བློ་ཁེངས་པ་ཞིག་ཡོང་ཐུབ་ཀྱི་མེད། ད་བར་གཞིས་ཆགས་ཁག་ནང་མཉམ་འབྲེལ་གྱི་ཤས་བདག་མང་ཚོགས་ཀྱི་ཚོགས་ཆེན་སར་འདི་གའི་སྙན་ཐོ་སྒྲོག་སྦྱང་ཞུས་མིན་སྣ་ཚོགས་དང་། འབྲེལ་ཡོད་ལས་བྱེད་ཁག་ཅིག་ནས་སྙན་ཐོ་མཇུག་འདེད་ཚུལ་བཞིན་མ་བྱུང་བའང་ཡོང་གི་ཡོད། མདོ་དོན་འདི་ག་རྩིས་ཞིབ་ལས་ཁང་གི་ལས་བྱེད་ཡོངས་ནས་འཛེམས་ཟོན་སོགས་རྩ་བ་ནས་མེད་པར་རྩིས་ཞིབ་སྐབས་དགེ་སྐྱོན་གནས་ལུགས་ཇི་ཆགས་སྙན་འགོད་ཞུས་ཁག་ལ་འཛིན་སྐྱོང་དང་གྲོས་ཚོགས་གཉིས་ནས་ཕྱར་གྲུ་མཉམ་འདེགས་ཀྱིས་ཁྲིམས་མཐུན་མཇུག་འདེད་མ་བྱུང་ཚེ་རང་དབང་ཅན་གྱི་སྡེ་ཚན་འདི་བཞིན་དཔའ་བོ་ལག་རྡུམ་དང་སོ་མེད་ཀྱི་སྟག་བལྟ་བུ་ཞིག་ཀྱང་མ་ཆགས་པའི་ངེས་པ་མེད།