༢༠༡༠ ཟླ་ ༡༡ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །འདི་གར་བོད་མིའི་རང་དབང་རྩོམ་སྒྲིག་པས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༢ ཉིན་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མའི་གྷ་རན་ཌི་པེ་ལེསི་མགྲོན་ཁང་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་ ༡༡ པའི་སྐབས་ཉི་ཧོང་གི་སློབ་ཕྲུག་གཅིག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཚོར་ཧི་རོ་ཤི་མའི་ནང་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་པའི་རྗེས་འབྲས་ཀྱི་ཉམས་མྱོང་དེ་འཛམ་གླིང་ནང་མ་ཡལ་བའི་ཐབས་ལམ་གང་ཡོད་པ་དང་ཉམས་མྱོང་དེ་འཛམ་གླིང་རྒྱ་ཁྱབ་ཏུ་ཇི་ལྟར་སྤེལ་དགོས་མིན་གྱི་དྲི་བ་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། ཧི་རོ་ཤི་མ་ཞེས་པའི་གྲོང་ཁྱེར་གྱི་མིང་དེ་ཐོས་པ་ཙམ་གྱིས་རྡུལ་ཕྲན་མཚོན་ཆས་བསམ་ཡུལ་ལས་འདས་པའི་གཏོར་བཤིག་བཏང་བ་དེ་བློ་ལ་ཤར་གྱི་ཡོད། དཀའ་ངལ་དེ་དག་གཞི་རྩ་ང་ཚོའི་བསམ་བློ་གཏོང་ཕྱོགས་ལ་རག་ལུས་ཡོད། ཕྱི་དངོས་པོ་གཙོ་བཟུང་ཐོག་བསམ་བློ་གཏོང་སྐབས་གཞན་གྱི་བདེ་སྡུག་ལ་ཚོར་བ་དེ་ཙམ་སླེབ་མི་ཐུབ། ཕྱོགས་གཞན་ནས་འགྲོ་བ་མིའི་འདུ་ཤེས་ཀྱི་ཐོག་ནས་བསམ་བློ་གཏོང་སྐབས་བདེ་སྡུག་གི་བསམ་བློ་དེ་འཁོར་གྱི་ཡོད། ངོས་ཀྱིས་རྒྱུན་དུ་མང་ཚོགས་ལ་ཚན་རིག་གི་གྲུབ་འབྲས་རྐྱང་པའི་ཐོག་ནས་བརྗོད་ན་རྡུལ་ཕྲན་མཚོན་ཆ་བཟོ་ཐུབ་པ་དེ་བྱས་རྗེས་ཆེན་པོ་ཞིག་ཆགས་ཡོད། འགྲོ་བ་མིའི་འདུ་ཤེས་ཀྱི་ཐོག་ནས་བརྗོད་ན་ཆག་སྒོ་ཞིག་རེད། ཕྱི་དངོས་པོའི་ཐོག་ནས་བརྗོད་ན་དཔལ་འབྱོར་དེ་གལ་ཆེ་ཤོས་ཆགས་ཡོད། འགྲོ་བ་མིའི་འདུ་ཤེས་ཀྱི་ཐོག་ནས་བརྗོད་ན་ནང་བསམ་བློའི་རིན་ཐང་དེ་དག་རྩ་ཆེན་པོ་ཆགས་ཡོད། དེ་རིང་འདིར་ཁྱད་ལས་པ་ཚོའི་གཏམ་བཤད་གནང་རྗེས་དཀའ་ངལ་གྱི་གཞི་རྩ་ངོ་མ་དེ་ནང་བསམ་བློར་ཐུག་ཡོད་པ་ངོས་ལ་ངེས་པ་རྙེད་བྱུང་། ང་ཚོར་རང་བཞིན་ལྷན་སྐྱེས་ཀྱི་བསམ་བློའི་ནང་ང་ཞེས་པའི་ངར་འཛིན་དང་། རང་གཅེས་འཛིན་གྱི་བསམ་བློ་ཞིག་ཡོད་པ་དེ་རང་བཞིན་གྱི་གནས་སྟངས་ཤིག་རེད། འོན་ཀྱང་རང་ཉིད་ཁོ་ནར་བདེ་སྐྱིད་གང་མང་ཐོབ་རྒྱུའི་བསམ་བློ་འཁོར་སྐབས་ང་ཚོས་དངོས་ཡོད་གནས་ཚུལ་གང་ཡིན་པ་དེར་བསམ་བློ་གཏོང་དགོས། ང་ཚོ་སྤྱི་ཚོགས་ལ་རྟེན་པའི་སེམས་ཅན་ཞིག་ཆགས་ཡོད། ལྷག་པར་དུས་རབས་ ༢༠ དང་ ༢༡ ནང་གོ་ལ་ཁྱོན་ཡོངས་ཀྱི་ཁོར་ཡུག་དང་དཔལ་འབྱོར་གྱི་གནས་སྟངས་སོགས་ཀྱིས་ང་ཚོར་རྒྱལ་ཁབ་དང་གླིང་ཆེན་བྱེ་བྲག་པ་གཅིག་ཁོ་ནའི་ཁེ་ཕན་སྒྲུབ་རྒྱུ་མེད་པ་གསལ་སྟོན་བྱས་ཡོད། སོ་སོའི་ཁེ་ཕན་དེ་འཛམ་གླིང་གཞན་ལ་རག་ལུས་ཡོད་པ་དེ་ད་ཆ་དངོས་ཡོད་ཀྱི་གནས་སྟངས་ཤིག་ཆགས་ཡོད། དེར་བརྟེན་རང་ཉིད་ལ་ཁེ་ཕན་གང་མང་སྒྲུབ་དགོས་ཀྱི་ཡོད་ན་གཞན་གྱི་བདེ་སྡུག་ལ་བསམ་བློ་ཤུགས་ཆེ་གཏོང་དགོས། རྡུལ་ཕྲན་མཚོན་ཆ་ལྟ་བུར་ཆ་བཞག་ན་ཕན་ཚུན་ཡིད་ཆེས་མེད་པ་ལས་བྱུང་བ་ཞིག་རེད། ང་ཚོ་སྤྱི་ཚོགས་ལ་རྟེན་པའི་སེམས་ཅན་ཞིག་ཡིན་དུས་ཕན་ཚུན་འབྲེལ་བ་བྱེད་དགོས། འབྲེལ་བ་དེ་མཛའ་གྲོགས་ཀྱི་འདུ་ཤེས་གཞི་ལ་བཞག་པ་ཞིག་དགོས། མཛའ་གྲོགས་ཀྱི་འབྲེལ་བ་ཡོང་བར་ཕན་ཚུན་ཡིད་ཆེས་ལ་གཞི་བཅོལ་དགོས། གལ་ཏེ་ང་ཚོ་ཕན་ཚུན་ཡིད་ཆེས་མེད་པ་དང་དོགས་པ་བྱས་ཚེ་དོན་དམ་གྱི་འབྲེལ་བ་ཞིག་ཡོང་མི་ཐུབ། ཁ་ནས་སྐད་ཆ་སྙན་པོ་དང་གདོང་གི་རྣམ་འགྱུར་ཡག་པོ་ཇི་འདྲ་ཞིག་བསྟན་ཡང་སེམས་ཀྱི་ཞེ་ཕུག་ལ་ཕན་ཚུན་ཡིད་ཆེས་མེད་པར་ཕ་རོལ་པོས་རང་ལ་གནོད་པ་སྐྱེལ་གྱི་རེད་བསམ་པའི་དོགས་པ་རྣམ་རྟོག་ཡོད་ཙང་རྡུལ་ཕྲན་མཚོན་ཆ་ཉར་དགོས་ཆགས་ཡོད། ཕན་ཚུན་ཡིད་ཆེས་མེད་པའི་བསམ་བློ་དེ་ང་ཚོ་ཞེས་གཅིག་གྱུར་གྱི་བསམ་བློ་ཤུགས་ཆེན་པོ་ཞིག་ཡོང་བའི་ཐོག་ནས་དོར་ཐུབ། འཛམ་གླིང་མི་མང་ཐེར་འབུམ་བདུན་ཙམ་ཡོད་པ་ཚང་མ་མི་ཡིན་པ་གཅིག་མཚུངས་ཆགས་ཡོད། ང་ཚོ་དང་ཁོང་ཚོ་ཞེས་དབྱེ་འབྱེད་ཀྱི་བསམ་བློ་དེས་ཁོང་ཚོ་མེད་པ་བཟོ་རྒྱུའི་བསམ་བློ་དེ་སྐྱེས་སྟབས་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུ་དེ་ཚོ་ཆགས་ཡོད། དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་བརྗོད་ན་ཕ་རོལ་པོ་རང་གི་དགྲ་བོར་འཛིན་རྒྱུའི་བསམ་བློ་དེ་ད་ཆ་དུས་ཚོད་ཡོལ་ཟིན་པ་ཡིན། འཛམ་གླིང་མི་མང་ཐེར་འབུམ་བདུན་ཙམ་ཡོད་པ་ཚང་མ་ང་ཚོ་མི་ཡིན་པ་གཅིག་མཚུངས་ཐོག་ཚང་མ་ང་ཚོའི་ཆོས་གྲོགས་ཕོ་མོ་ཡིན། གོང་དུ་ཁྱད་ལས་པ་ཚོས་གསུངས་པ་བཞིན་གལ་ཏེ་ང་ཚོས་ཐོག་མར་རྡུལ་ཕྲན་མཚོན་ཆ་དེ་དག་མེད་པ་བཟོ་རྒྱུ་དང་དེ་ནས་རིམ་བཞིན་མཚོན་ཆ་གཞན། མཐར་དམག་མིའི་སྒྲིག་འཛུགས་དེ་དག་མེད་པ་བཟོ་ཐུབ་ན་དངུལ་གྱི་འགྲོ་གྲོན་ཕོན་ཆེན་པོ་ཞིག་ཆུད་ཟོས་འགྲོ་རྒྱུ་ལས་སྐྱོབ་ཐུབ། དེ་བཞིན་ཁོར་ཡུག་གནས་སྟངས་ཐོག་ལའང་ཕན་ཐོགས་ཡོང་ངེས་ཡིན། མཚོན་ཆ་བཟོ་མཁན་གྱི་བཟོ་གྲྭ་ཆེན་པོ་དང་འཕྲུལ་ཆས་ཆེན་པོ་དེ་དག་གི་དགོས་མཁོ་གཙོ་བོ་དེ་མི་གསོད་རྒྱུ་དེ་ཡིན། མི་སུ་གཅིག་གིས་ཀྱང་མི་གཞན་གསོད་འདོད་མེད། དེར་བརྟེན་མཚོན་ཆ་དེ་དག་གསོག་འཇོག་བྱེད་རྒྱུ་དེ་དངུལ་འཕྲོ་བརླག་རེད། བསམ་ཚུལ་དེ་དག་ཡོང་བར་དངུལ་ཁོ་ནར་བསམ་བློ་མ་བཏང་བར་ནང་གི་རིན་ཐང་ཐོག་བསམ་བློ་ཤུགས་ཆེ་ཙམ་གཏོང་དགོས། དེའི་ཐོག་ནས་ང་ཚོས་ཕྱོགས་ཡོངས་ཀྱི་གནས་སྟངས་ཐོག་བསམ་བློ་གཏོང་ཐུབ་པ་དགོས། དེ་འདྲ་བྱུང་ན་ཕྱི་དངོས་པོའི་གནས་སྟངས་ཀྱི་དཀའ་ངལ་མང་པོ་ཞིག་སེལ་ཐུབ་ཅེས་བཀའ་ལན་སྩལ།
དེ་རྗེས་ཨ་རིའི་སློབ་ཕྲུག་གཅིག་གིས་གཞོན་སྐྱེས་མི་རབས་ཚོས་ཧི་རོ་ཤི་མའི་ནང་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་པའི་རྗེས་འབྲས་ཀྱི་ཉམས་མྱོང་དེ་དག་འཛམ་གླིང་ནང་ཁྱབ་སྤེལ་ཇི་ལྟར་གཏོང་དགོས་སམ་ཞེས་པའི་དྲི་བ་ཕུལ་བར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། ངོས་ཀྱིས་རྟག་པར་མང་ཚོགས་དང་ལྷག་པར་གཞོན་སྐྱེས་ཚོར་དུས་རབས་ ༢༠ དེ་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཆགས་ཡོད། ལོ་རྒྱུས་སྨྲ་བ་ཁག་གཅིག་གིས་བརྗོད་པར་གཞིགས་ན་དུས་རབས་ ༢༠ པའི་ནང་མི་མང་ས་ཡ་ ༢༠༠ ལྷག་ཙམ་འཚེ་བའི་ལམ་ནས་བསད་འདུག གལ་ཏེ་འཚེ་བ་དེ་འདྲ་ཞིག་བྱས་པས་དཀའ་ངལ་ཆེན་པོ་དེ་དག་སེལ་ཐུབ་པ་དང་འཛམ་གླིང་ནང་ཞི་བ་དང་། བདེ་སྐྱིད་ཆེ་རུ་ཕྱིན་ཡོད་ན་འཚེ་བའི་ལས་དེ་འདྲ་ཞིག་བྱས་པ་དེར་རྒྱུ་མཚན་ལྡན་པ་ཞིག་ཆགས་སྲིད། འོན་ཀྱང་དེ་ལྟར་ཆགས་ཐུབ་མེད། དུས་རབས་ ༢༡ པ་འདི་ནས་ལོ་བཅུ་ཙམ་ཕྱིན་ཚར་བ་རེད། ལོ་ ༩༠ ཙམ་ད་དུང་ལྷག་ཡོད། ཇི་སྲིད་མིར་བསམ་བློ་གཏོང་རྒྱུའི་ཀླད་པ་གྲུང་པོ་ཡོད་པ་དང་། ང་ཚོ་དང་ཁོང་ཚོ་ཟེར་བའི་བློ་དེ་ཡོད་པ་དེ་སྲིད་དུ་དཀའ་ངལ་ཡོད་ཡོད་པ་ཞིག་རེད། དཀའ་ངལ་དེ་འཚེ་བ་མེད་པའི་ཐོག་ནས་སེལ་རྒྱུའི་ཐབས་ལམ་ཞིག་འཚོལ་དགོས། དེར་བརྟེན་དཀའ་ངལ་དེ་དག་ཕན་ཚུན་གྲོས་མོ་གྱི་ལམ་ནས་སེལ་དགོས་པའི་ཐབས་ལམ་ཉག་གཅིག་ལས་མེད་པས་དུས་རབས་ ༢༡ པ་འདི་གྲོས་མོལ་གྱི་དུས་རབས་ཤིག་ཆགས་ཡོད། ངོས་ཀྱི་མི་རབས་དེ་དུས་རབས་ ༢༠ པའི་མི་ཆགས་ཡོད། ད་ཆ་ང་ཚོ་ནི་ཐོན་ཕྱག་ཞུ་རྒྱུའི་དུས་ལ་བསླེབས་ཡོད། ཁྱེད་ཚོ་ལོ་ ༣༠།༤༠ འོག་གི་ལོ་ཚད་ཡིན་མཁན་ཚོ་དུས་རབས་ ༢༡ པའི་མི་རབས་ཤིག་ཆགས་ཡོད། དུས་རབས་འདི་དུས་རབས་སྔ་མ་བཞིན་མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཡང་བསྐྱར་བྱེད་རྒྱུ་དང་། ཡང་ན་དུས་རབས་ ༢༡ པ་འདི་ཞི་བདེ་དང་ཕན་ཚུན་ཡིད་ཆེས་ཐོག་ནས་མཐུན་སྒྲིལ་ཡོང་མིན་དེ་ཁྱེད་ཚོར་རག་ལུས་ཡོད། མི་རིགས་དང་ཆོས་ལུགས་ཀྱི་དབྱེ་བ་དེ་དག་ནི་གྲལ་རིམ་གཉིས་པའི་གནས་སྟངས་ཤིག་ཆགས་ཡོད། ང་ཚོ་ཚང་མ་གཞི་རྩའི་འགྲོ་བ་མི་ཞིག་ཡིན་པ་གཅིག་མཚུངས་ཤིག་ཆགས་ཡོད་པར་བརྟེན་གཞི་རྩའི་བསམ་བློ་དེར་བསམ་བློ་ཤུགས་ཆེ་ཙམ་གཏོང་དགོས། ད་བར་རྙོག་གྲ་བྱུང་བ་དེ་དག་རྒྱལ་ཁབ་དང་མི་རིགས། ཆོས་ལུགས་མི་འདྲ་བ་བཅས་གྲལ་རིམ་གཉིས་པའི་གནས་སྟངས་དེར་བསམ་བློ་གཏོང་རྒྱུ་ཤུགས་ཆེ་དྲགས་པའི་རྐྱེན་གྱི་ཡིན། ཁྱེད་ཚོ་གཞོན་པ་ཚོས་བསམ་བློ་རྒྱ་ཆེན་པོ་དང་ཁྱོན་ཡོངས་ཀྱི་བསམ་བློ་གཏོང་དགོས། ཁྱེད་ཚོས་ཐག་གཅོད་བྱེད་སྐབས་ཕྱོགས་གཅིག་གི་གནས་སྟངས་ཁོ་ན་མིན་པར་ཕྱོགས་མང་པོའི་ཐོག་ནས་བལྟ་དགོས། དེ་ལྟར་བྱས་ཚེ་དངོས་ཡོད་གནས་ཚུལ་གང་ཡིན་པ་དེ་ཤེས་ཐུབ། ཕྱོགས་རྐྱང་པའི་བསམ་བློ་བཏང་བ་ཡིན་ན་དངོས་ཡོད་གནས་ཚུལ་ཤེས་རྒྱུར་དཀའ་ངལ་ཡོད། དངོས་ཡོད་གནས་ཚུལ་ལ་གཞི་མ་བཅོལ་བའི་ཐབས་ལམ་དང་ལངས་ཕྱོགས་དེ་རྒྱུ་མཚན་ལྡན་པ་ཞིག་ནམ་ཡང་ཆགས་མི་ཐུབ། ཆབ་སྲིད་པ་དང་ཆོས་པ། ནོ་བེལ་གཟེངས་རྟགས་བཞེས་མྱོང་མཁན་ཚོའི་སྐད་ཆར་མ་ཉན་པར་ཁྱེད་ཚོ་སོ་སོ་རང་གི་རྣམ་དཔྱོད་ཀྱི་ཐོག་ནས་ཞིབ་འཇུག་བྱས་ན་དངོས་ཡོད་གནས་ཚུལ་རྟོགས་ཐུབ་ཅེས་སོགས་ཀྱི་བཀའ་ལན་སྩལ།།