༢༠༡༧ ཟླ་ ༨ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །གླིང་ཆེན་ཨབ་རི་ཀའི་བྷོཌ་སྭ་ན་ Botswana ཡུལ་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་འདྲེན་ཞུ་རྒྱུའི་གནད་དོན་ཐད་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་པར་ཡུལ་དེའི་སྲིད་འཛིན་སྐུ་ཞབས་ཨི་ཡན་ཁ་མ་ Ian Khama མཆོག་གིས་སྤོབས་པ་ཆེན་པོའི་ཐོག་ནས་གདོང་ལེན་གནང་བ་མ་ཟད། ༸གོང་ས་མཆོག་མགྱོགས་མྱུར་སྐུ་གཟུགས་དྭངས་སྐྱེད་ཡོང་བ་དང་། ༸སྐུའི་འཕྲོད་བཞེས་སྔར་བཞིན་དྭངས་སྐྱེད་བྱུང་མཚམས་བྷོཌ་སྭ་ནའི་ཡུལ་དུ་ཆིབས་སྒྱུར་བསྐྱང་ཐུབ་པའི་རེ་འདུན་ཞུ་བཞིན་ཡོད་སྐོར་གསུངས།
དེ་ཡང་མི་འབོར་ས་ཡ་གཉིས་ཙམ་ཡོད་པ་དང་། རྡོ་རྗེ་ཕ་ལམ་གྱི་ཐོན་སྐྱེད་ཧ་ཅང་ཕྱུག་པའི་རྒྱལ་ཁབ་དེའི་སྲིད་འཛིན་མཆོག་གིས་རྒྱ་ནག་གཞུང་ལ་ལན་འདེབས་གནང་དོན། ང་ཚོ་ཁྱེད་ཚོའི་མངའ་འོག་ཏུ་གཏོགས་མེད། ཅེས་གསུངས། སྤྱིར་མཛད་འཆར་སྔོན་སོང་ལྟར་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༧ ནས་ ༡༩ བར་བྷོཌ་སྭ་ནའི་རྒྱལ་ས་གྷ་བྷ་རོན་ Gaborone ནང་དུ་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་སུ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུ་དོན་ལྟར་ཆིབས་སྒྱུར་བསྐྱངས་གཏན་འཁེལ་ཡོད་ཀྱང་རེ་ཞིག་༸སྐུ་ངལ་གསོ་གནང་མཛད་དགོས་པ་སྨན་པའི་ལམ་སྟོན་ལྟར་ཆིབས་སྒྱུར་ཕྱིར་བསྡུ་མཛད། འོན་ཀྱང་ཡུལ་དེའི་སྲིད་འཛིན་མཆོག་གིས་༸གོང་ས་མཆོག་དང་མགྱོགས་མྱུར་མཇལ་འཕྲད་ཞུ་རྒྱུ་ཡིན་པའི་བརྡ་ལན་ཤུགས་ཆེ་གཏོང་སྐབས་རྒྱ་ནག་གཞུང་ལ་ཁོང་ཁྲོ་ཧ་ཅང་བསླངས་འདུག
དེ་ཡང་སྲིད་འཛིན་མཆོག་གིས་ཕྱི་ཟླ་ ༨ ཚེས་ ༡༧ ཉིན་བྷོཌ་སྭ་ན་གར་ཌེན་ Botswana Guardian ཞེས་པའི་ཉིན་རེའི་གསར་ཤོག་ནང་གསུང་དོན། རྒྱ་ནག་གཞུང་གིས་ཅི་སྟེ་༸གོང་ས་ཏཱ་ལའི་བླ་མ་མཆོག་གདན་འདྲེན་ཞུ་རྒྱུའི་མཛད་རིམ་ཕྱིར་འཐེན་མ་བྱེད་ཚེ། བྷོཌ་སྭ་ནའི་ནང་གི་རྒྱ་ནག་གི་གཞུང་ཚབ་པ་ཕྱིར་འཐེན་བྱ་སྲིད་པ་དང་། རྒྱ་ནག་དང་བྷོཌ་སྭ་ནའི་ཡུལ་གཉིས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་ཙམ་མ་ཟད། གླིང་ཆེན་ཨབ་རི་ཀའི་རྒྱལ་ཁབ་གཞན་ལའང་ངན་སྐུལ་བྱས་ནས་བྷོཌ་སྭ་ན་དང་འབྲེལ་ལམ་གཅད་རྒྱུ་ཡིན་པའི་སྡིག་སྐུལ་ཤུགས་ཆེ་བཏང་བྱུང་།
ང་ཚོས་༸གོང་ས་མཆོག་མགྱོགས་མྱུར་༸སྐུའི་འཕྲོད་བཞེས་དྭངང་སྐྱེད་ཡོང་བ་དང་། ༸སྐུ་ཁམས་གསལ་ཐང་བྱུང་རྗེས་འདིར་ཆིབས་སྒྱུར་བསྐྱང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཞེས་འཁོད།།