༢༠༡༠ ཟླ་ ༡༡ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༢ ཉིན་ཉི་ཧོང་གི་གྲོང་ཁྱེར་ཧི་རོ་ཤི་མའི་ནང་འཛམ་གླིང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་ཞི་བདེའི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་སྐབས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་ཡོད་པ་མ་ཟད། ཉིན་རྒྱབ་ཆུ་ཚོད་ ༤ ནས་ ༥།༣༠ བར་ཞི་བདེའི་ལྷན་ཚོགས་ཀྱི་ཚོགས་ཐུན་གསུམ་པའི་ཐོག་༸གོང་ས་མཆོག་དང་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཌི་ཀ་ལག་མཆོག ཨ་རི་བ་ལྕམ་སྐུ་ཇུ་ཌི་ཝིལ་ཡམ་སི་མཆོག་བཅས་ཀྱིས་ཚོགས་འདུའི་ནང་བཀའ་སློབ་དང་གསུང་བཤད་མང་ཚོགས་དང་སློབ་ཕྲུག་གི་དྲི་བར་ལན་འདེབས་དང་བཀའ་ལན་སྩལ་ཡོད། དེ་ཡང་ཚོགས་ཐུན་གསུམ་པའི་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ཨ་རིའི་ནང་ ༩།༡༡ གི་དོན་རྐྱེན་བྱུང་སྐབས་ངོས་ཀྱིས་ཕྱི་ཚེས་ ༡༢ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོར་ཇི་བྷུ་ཤི་མཆོག་ལ་གལ་ཏེ་རྙོག་གྲ་དེ་རྒྱུ་མཚན་ལྡན་པ་དང་འཚེ་མེད་ཞི་བའི་ལམ་ནས་སེལ་ཐབས་མ་གནང་ཚེ་དེ་རིང་བྷིན་ལ་ཌིན་གཅིག་ཡོད་ཀྱང་ལོ་ཤས་རྗེས་བྷིན་ལ་ཌིན་བརྒྱ་ཕྲག་འགའ་ཤས་བྱུང་སྲིད་པ་ཞིག་ཏན་ཏན་རེད་ཅེས་ཡི་གེ་ཕུལ་བ་ཡིན། ངོས་རང་སྒེར་གྱི་ཆ་ནས་སྐུ་ཞབས་བྷུ་ཤི་མཆོག་དང་འཆམ་མཐུན་ཡོད། ཁོང་སྒེར་གྱི་ངོས་ནས་ཞུས་ན་མི་ཡག་པོ་ཞིག་རེད། རྙོག་གྲ་དེ་དག་དྲག་པོས་སེལ་ཐབས་བྱས་པར་བརྟེན་འདས་པའི་ལོ་ཤས་རིང་འཇིགས་སྐུལ་རིང་ལུགས་པ་ཉུང་དུ་འགྲོ་རྒྱུའི་ཚབ་ལ་མང་དུ་ཕྱིན་ཡོད། རྡུལ་ཕྲན་མཚོན་ཆ་ལྟ་བུར་ཆ་བཞག་ན་ཤར་ཇར་མན་དང་ནུབ་ཇར་མན་གཉིས་ཀྱི་དབར་ཡོད་པའི་བྷར་ལིན་གྱི་བརྩིགས་པ་དེ་བཏོར་བ་ནས་ཤར་དང་ནུབ་ཀྱི་དྲག་པོའི་དཔུང་སྡེ་མེད་པ་ཆགས་ཡོད། རྒྱལ་ཁབ་བྱེ་བྲག་པ་དཔེར་ན། རྒྱ་གར་དང་པ་ཀི་སི་ཐན་དབར་རྡུལ་ཕྲན་མཚོན་ཆའི་དམག་འཐབ་ཡོང་རྒྱུའི་ཉེན་ཁ་ཡོད་སྐོར་གྱི་བསམ་ཚུལ་དེ་འདྲ་ཡོད་ནའང་། ངོས་ཀྱིས་བསམ་པར་རྒྱ་གར་དེ་བཞིན་དངོས་གནས་ཀྱི་མང་གཙོའི་རྒྱལ་ཁབ་གཅིག་ཡིན་པས་ཐབས་ཟད་འུ་ཐུག་གི་ལས་དེ་འདྲ་གནང་གི་མ་རེད། དེ་བཞིན་པ་ཀི་སི་ཐན་ཡང་ལྟ་གྲུབ་ཀྱི་ཐོག་ནས་མང་གཙོའི་རྒྱལ་ཁབ་གཅིག་ཆགས་ཡོད། པ་ཀི་སི་ཐན་གྱི་མི་མང་ཚོས་ཀྱང་རྒྱ་གར་དང་ལྷན་རྙོག་གྲ་བཟོ་འདོད་མེད། སྲིད་དོན་པ་འགའ་ཤས་དང་དམག་མི་བྱེ་བྲག་པ་དེ་འདྲ་ཡོང་གི་ཡོད། དེ་གནས་ཚུལ་ཐ་དད་རེད། ངོས་ཀྱིས་ཆབ་སྲིད་ཀྱི་གཏམ་བཤད་གང་ཡང་བྱེད་ཀྱི་མེད། བྱང་ཀོ་རི་ཡའི་སྤྱི་ཚོགས་ཡིན་ནའང་རང་དབང་མེད། རྒྱ་གར་དང་པ་ཀི་སི་ཐན་དེ་འདྲ་རང་མིན། དེ་ལས་གནས་སྟངས་ཡག་པ་ཡོད། དེ་བཞིན་རྒྱ་མི་རིགས་ཚོ་ཧ་ཅང་ཡག་པོ་ཡོད། ང་ཚོས་རྒྱུན་དུ་གུས་བརྩི་ཆེན་པོ་ཞུ་བཞིན་ཡོད། དཀའ་ངལ་ཏོག་ཙམ་ཡོད་ནའང་ངོས་ཀྱིས་རྒྱ་མི་རིགས་ཚོར་ཡིད་ཆེས་ཆ་ཚང་ཡོད། ལོ་ཤས་རིང་ངོས་ཀྱིས་རྒྱ་མི་རིགས་མང་པོ་དང་ཐུག་རྒྱུ་བྱུང་། དེ་དག་ནས་མང་པོ་ཞིག་རྒྱ་ནག་སྐམ་ས་ནས་ཡིན་པ་དང་། ཁོང་ཚོས་ང་ཚོ་བོད་པ་ཚོར་གདུང་སེམས་མཉམ་སྐྱེ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གྱི་ཆབ་སྲིད་ཀྱི་ལངས་ཕྱོགས་དེར་དགག་པ་རྒྱག་གི་འདུག རྒྱ་ནག་གི་སྤྱི་ཚོགས་ནང་དམ་སྒྲགས་ཆེན་པོ་ཡོད། རྒྱ་ནག་ནང་གཅིག་བསྡུས་དབང་འཛིན་གྱི་ལམ་ལུགས་འོག་རྒྱལ་ཁབ་ཀྱི་གསང་རྒྱ་བརྗོད་ནས་ཚང་མར་དམ་བསྒྲགས་བྱེད་ཀྱི་ཡོད། སྟབས་ལེགས་པ་ཞིག་ལ་རྒྱ་ནག་ནང་ད་ཆ་འགྱུར་བ་འགྲོ་བཞིན་ཡོད། ལོ་སུམ་ཅུ་བཞི་བཅུ་གོང་གི་རྒྱ་ནག་དང་བསྡུར་ན་ད་ཆ་རྒྱ་ནག་ནང་འགྱུར་བ་ཞེ་དྲག་ཕྱིན་ཡོད། ད་དུང་ཡང་འགྱུར་བ་འགྲོ་བཞིན་ཡོད། ཉེ་ལམ་ཟླ་ཤས་རིང་རྒྱ་ནག་ནང་ཆབ་སྲིད་ཀྱི་ལམ་ལུགས་དེར་འགྱུར་བ་གཏོང་དགོས་པའི་སྐད་ཆ་དེ་ཡང་བསྐྱར་ཐོན་ཡོང་གི་ཡོད་པ་དེ་བློ་སྤོབས་སྐྱེ་དགོས་པ་ཤིག་རེད། ངོས་ཀྱིས་རྒྱུན་དུ་འཛམ་གླིང་ནང་གི་མི་འབོར་ཆེ་ཤོས་ཡིན་པའི་རྒྱ་ནག་མི་མང་ཚོར་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་པ་བསམ་བཞིན་ཡོད། རྒྱལ་ཁབ་གང་འདྲ་ཞིག་ཡིན་ནའང་འཛིན་སྐྱོང་བྱེད་མཁན་ངོ་མ་དེ་གང་ཟག་སྒེར་པ་འགའ་ཤས་དང་དམག་དཔོན་བྱེ་བྲག་པ་མིན་པར་མི་མང་ཚོས་བྱེད་དགོས ཞེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་སྩལ་ཡོད་པ་བཅས།།