༢༠༡༧ ཟླ་ ༨ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་ Mumbai ནང་དུ་ཊ་ཊ་སྤྱི་ཚོགས་ཚན་རིག་སྦྱོང་བརྡར་བསྟི་གནས་ཁང་ Tata Institute of Social Sciences དུ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་དབུ་འབྱེད་མཛད་འདུག
སྐབས་དེར་ཐོག་མར་ངེས་སྟོན་པ་སྐུ་ཞབས་པརཤུ་རཱ་མན་ Prof S. Parasuraman མཆོག་གིས་༸གོང་ས་མཆོག་ལ་ཕེབས་བསུའི་འཚམས་འདྲི་ཞུས་རྗེས་བསྟི་གནས་ཁང་གི་འབུམ་རམས་པ་ལྕམ་སྐུ་མོ་ནི་ཀ་ཤརྨ་ Dr Monica Sharma ལགས་ཀྱིས་སློབ་ཚན་དེའི་སྐོར་ངོ་སྤྲོད་སྙན་སྒྲོན་ཞུས།
དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་མི་གྲངས་ ༡༠༠༠ བརྒལ་བར་བླང་དོར་བཀའ་སློབ་སྩལ་དོན། ངོས་ཀྱིས་བཤད་པ་ཙམ་མ་གཏོགས་ངོ་ཐོག་ཁྱེད་ཚོས་མཐོ་སློབ་ཀྱི་སློབ་ཚན་ནང་འཁྲིད་རྒྱུའི་ལག་བསྟར་བྱེད་བཞིན་ཡོད་སྟབས་ངོས་རང་ཁྱེད་ཚོའི་ལས་དོན་གྱི་གྲུབ་འབྲས་འདིར་མིག་སེར་ལང་པ་ལྟ་བུ་ཞིག་བྱུང་། ཞེས་ཞལ་ཤོབ་མཛད་ནས་མུ་མཐུད་བཀའ་སློབ་སྩལ་དོན། འགྲོ་བ་མིའི་རིགས་ནི་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་པའི་སེམས་ཅན་ཡིན། ཆོས་ཁས་ལེན་རུང་མ་ལེན་རུང་མི་ཚང་མས་བདེ་སྐྱིད་འདོད། དེར་བརྟེན་ང་ཚོས་བདེ་སྐྱིད་བསྒྲུབ་ཆེད་འབད་བརྩོན་བྱེད་དགོས། གནའ་སྔ་མོ་ཡིན་ན་བཟང་སྤྱོད་བརྗོད་སྐབས་ཆོས་དང་འབྲེལ་བའི་གནས་ཚུལ་ཞིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད། འོན་ཀྱང་ད་ཆ་བཟང་སྤྱོད་བརྗོད་སྐབས་འཛམ་གླིང་སྤྱིའི་བདེ་སྡུག་དང་འབྲེལ་བ་ཡོད་སྟབས། ང་ཚོས་སྔོན་འགྲོ་ནས་རིམ་བཞིན་མཐོ་སློབ་སོགས་ནང་དུའང་བཟང་སྤྱོད་ཀྱི་སློབ་གསོ་སྤྲོད་དགོས་པ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། ཞེ་སྡང་དང་ཁོང་ཁྲོའི་བློ་དེ་དག་ཕན་ཐོགས་གང་ཡང་མེད། བྱམས་བརྩེའི་བློ་བསྐྱེས་ནས་ཁོང་ཁྲོར་གཉེན་པོ་བསྟན་ཐུབ།
ངོས་ཀྱིས་འདས་པའི་ལོ་ངོ་ ༣༠ ལྷག་རིང་འཛམ་གླིང་ནང་གི་ཚན་རིག་པ་གྲགས་ཅན་མང་པོ་ཞིག་དང་ལྷན་འཇིག་རྟེན་ཁམས་ཀྱི་རིག་པ་དང་ཀླད་ཁམས་ཚན་རིག དེ་བཞིན་ཚད་རྡུལ་དངོས་ཁམས་ཚན་རིག་སོགས་ཀྱི་ཐོག་བགྲོ་གླེང་བྱས་པ་ཡིན། སེམས་ཁམས་རིག་པའི་ཐོག་ལ་མཚོན་ན་དེང་དུས་ནུབ་ཕྱོགས་པའི་སེམས་ཁམས་རིག་པ་ནི་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པ་དང་བསྡུར་བ་ཡིན་ན་སྔོན་འགྲོ་ལྟ་བུ་རེད་འདུག ང་ཚོས་རང་གི་བློ་སྦྱོང་བར་རྒྱ་གར་གནའ་རབས་ཀྱི་སེམས་ཁམས་རིག་པའི་ལྟ་གྲུབ་ཧ་ཅང་ཕྱུག་པོ་ཡོད་པ་དེ་དག་ལ་སློབ་སྦྱོང་བྱེད་དགོས། སེམས་ཀྱི་ཞི་བདེ་བརྗོད་སྐབས་ཁྲོམ་ནས་ཉོ་ཐུབ་ཐབས་མེད། སེམས་ཀྱི་ཞི་བདེ་ནི་བསམ་བློའི་ཐོག་ནས་ཡོང་དགོས།
དེང་དུས་ཤེས་ཡོན་ལམ་ལུགས་ནང་གཙོ་བོ་ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་སྐོར་ཡིན་སྟབས་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བཟང་པོའི་རིན་ཐང་དེ་དག་གོང་མཐོར་གཏོང་ཆེད་ང་ཚོས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་ཚན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ལུས་ཀྱི་སྤྱོད་ལམ་ཞི་ཞིང་དུལ་བ་ཞིག་ཡོང་བར་གཙོ་བོ་བསམ་བློའི་ནང་བྱམས་སྙིང་རྗེ་དགོས། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ།
དེ་རྗེས་༸གོང་ས་མཆོག་དང་གཙུག་ལག་སློབ་གྲྭ་འདྲ་མིན་ཁག་གི་ཉེ་བའི་རིགས་བདག་བཅས་ལྷན་འཛོམས་ཐོག་ཉིན་དགུང་ལྗགས་སྨིན་ལྷན་བཞེས་མཛད།
དེ་ཡང་ཊ་ཊ་སྤྱི་ཚོགས་ཚན་རིག་སྦྱོང་བརྡར་བསྟི་གནས་ཁང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་འོག་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་གོང་མཐོར་གཏོང་ཆེད་མཐོ་སློབ་ཁག་གི་སློབ་ཚན་དུ་གཏན་འབེབས་གནང་འདུག
ཐེངས་འདིར་བསྟི་གནས་ཁང་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་འདྲེན་ཞུ་དོན་གཙོ་བོ་ཡང་སློབ་ཚན་དེ་དབུ་འབྱེད་མཛད་ཆེད་ཡིན་འདུག སློབ་ཚན་འདི་ཉིད་གཙུག་ལག་རབ་བྱམས་ལོ་རིམ་གཉིས་པ་ M.A དང་ཨེམ་ཕིལ་ M.Phil དེ་བཞིན་རིག་པའི་ཆུ་གཏེར་གྱི་སློབ་ཚན་ནང་གཞག་རྒྱུ་དང་། སློབ་ཚན་དངོས་སུ་འཁྲིད་རྒྱུ་དེ་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༩ ཉིན་ནས་དབུ་འཛུགས་གནང་གཏན་འཁེལ་འདུག་པ་བཅས།།