༢༠༡༧ ཟླ་ ༨ ཚེས་ ༡༣ རེས་གཟའ་ཉི་མ།
༄༅། །སྤྱིར་མཛད་རིམ་སྔོན་སོང་ལྟར་ན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བྷོཌསྭ་ནའི་རྒྱལ་ས་གྷ་བྷོ་རོན་ནང་ Gaborone ཟླ་ ༨ ཚེས་ ༡༥ ནས་ ༢༠ བར་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་སུ་རྒྱ་ནག་གཞུང་གི་གནོན་ཤུགས་ཡོད་མེད་ལ་མ་ལྟོས་པར་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཡུལ་དེའི་སྲིད་གཞུང་ནས་ཀྱང་ཆིབས་སྒྱུར་ལ་དགག་བྱ་གང་ཡང་མེད་པའི་ཁར་༸གོང་ས་མཆོག་ཡུལ་དེར་ཆིབས་སྒྱུར་བསྐྱང་ཚེ་དགའ་བསུ་ཡོད་སྐོར་གྱི་རྣམ་འགྱུར་གསལ་སྟོན་གནང་བ་དེ་ལྟར་ཡང་།
འདས་པའི་བདུན་ཕྲག་འགའ་ཤས་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་དང་རྒྱ་གར་རྒྱལ་ས་ལྡི་ལི། དེ་བཞིན་མུམ་བྷེ་བཅས་སུ་རླབས་ཆེན་གྱི་མཛད་འཕྲིན་རྒྱ་ཆེ་གཅིག་མཇུག་གཉིས་མཐུད་བསྐྱངས་གནང་མཛད་རྐྱེན་ཐུན་མོངས་གདུལ་བྱའི་སྣང་ངོར་༸སྐུ་ཐང་ཧ་ཅང་ཆད་གནང་མཛད་ཚུལ་བསྟན་པར་བརྟེན། རེ་ཞིག་གླིང་ཆེན་ཨ་ཕི་རི་ཀའི་ནང་གི་མཛད་འཆར་ཕྱིར་བསྡུ་མཛད་པ་དང་སྦྲགས་བྷོཌ་སྭ་ནའི་ Botswana སྲིད་འཛིན་སྐུ་ཞབས་ཨི་ཡན་ཁམཱ་ Ian Khama མཆོག་དང་སེམས་དང་སྲོག་གི་Mind & Life Institute འགན་འཛིན་ལྕམ་སྐུ་སུ་སན་བྷའོར་ཝུ་ Dr. Susan Bauer-Wu རྣམ་གཉིས་ལ་དགོངས་སེལ་ཞུས་གནང་མཛད།
དེ་ཡང་སྲིད་འཛིན་མཆོག་ལ་སྩལ་བའི་གསུང་འཕྲིན་ནང་༸གོང་ས་མཆོག་དགུང་ནའི་བབ་ཀྱི་ཆ་ནས་ཀྱང་དགུང་གྲངས་ ༨༢ ཕེབས་པར་བརྟེན་༸སྐུ་ཐང་ཆད་པ་མ་ཟད། ༸སྐུའི་བླ་སྨན་པས་ཀྱང་༸སྐུ་ངལ་གསོ་གནང་མཛད་དགོས་པའི་ལམ་སྟོན་ཞུས་སྐོར་འཁོད་པ་དང་། ལྷག་པར་༸གོང་ས་མཆོག་ཡུལ་དེར་གདན་འདྲེན་ཞུ་མི་ཆོག་པའི་ཕྱི་ནས་གནོན་ཤུགས་ཧ་ཅང་ཡོད་མིན་ལ་མ་ལྟོས་པར་སྲིད་འཛིན་མཆོག་གིས་དབུ་ཁྲིད་པའི་བྷོཌསྭ་ནས་སྲིད་གཞུང་གིས་རང་གི་ལྟ་གྲུབ་ལངས་ཕྱོགས་ལ་འགྱུར་བ་གང་ཡང་མེད་པར་ཆོད་སེམས་བརྟན་པོས་རྒྱུན་སྐྱོང་གནང་བ་དེར་ཡི་རངས་བསྔགས་བརྗོད་ཧ་ཅང་མཛད་པ་དང་སྦྲགས། ཐེངས་འདིར་ཆིབས་སྒྱུར་བསྐྱང་མ་ཐུབ་པ་དེར་ཐུགས་ཕམ་ཧ་ཅང་བྱུང་སྐོར་བཀའ་སྩལ་འདུག
ཕྱོགས་མཚུངས་སེམས་དང་སྲོག་གི་ Mind & Life Institute འགན་འཛིན་ལྕམ་སྐུ་སུ་སན་བྷའོར་ཝུ་ Dr. Susan Bauer-Wu མཆོག་ལའང་༸གོང་ས་མཆོག་གིས་གསུང་ཕྲིན་སྩལ་བའི་ནང་འཁོད་དོན། ངོས་རང་བྷོཌསྭ་ནའི་ཡུལ་དུ་ཨ་ཕི་རི་ཀའི་ཡུལ་སྐད་དུ་ཨུ་བྷུན་ཏུ། Ubuntu ཞེས་པའི་ཡུལ་དེའི་གནའ་རབས་སྲོལ་རྒྱུན་བཟང་པོ་དེའི་ཐོག་བགྲོ་གླེང་ལྷན་ཚོགས་སུ་བཅར་ཐུབ་ན་བསམ་པའི་འདོད་བབ་ཧ་ཅང་བྱུང་། ཨུ་བྷུན་ཏུ། ཞེས་པའི་གནའ་རབས་ཀྱི་སྲོལ་རྒྱུན་དེ་ནི་ངོས་ཀྱིས་རྒྱུན་དུ་འགྲོ་བ་མི་རིགས་ཡོངས་རྫོགས་གཅིག་གིས་གཅིག་ལ་བརྟེན་ནས་འཚོ་སྡོད་བྱེད་དགོས་སྟབས་རང་ལ་བདེ་བ་འདོད་ན་གཞན་གྱི་བདེ་སྡུག་ལ་སེམས་ཁུར་བྱེད་དགོས་པའི་ཀུན་ཁྱབ་འགན་ཁུར་གྱི་བསམ་ཚུལ་དང་ཡོངས་སུ་མཐུན་པ་ཞིག་རེད་འདུག
ཐེངས་འདིར་བགྲོ་གླེང་ལྷན་ཚོགས་སུ་ངོས་རང་བཅར་མ་ཐུབ་ཀྱང་ཚང་མས་ལྷན་ཚོགས་མུ་མཐུད་མཇུག་སྐྱོང་ཐོག་བགྲོ་གླེང་ནང་ཚ་ཚ་འུར་འུར་ངང་བསམ་ཚུལ་གང་བྱུང་བ་རྣམས་འགྲེམས་སྤེལ་གནང་རོགས་ཞུ་རྒྱུ་དང་། ཁྱེད་རྣམ་པ་མང་པོ་ཞིག་གིས་ངོས་ཀྱི་བསམ་བློ་གཏོང་སྟངས་ཇི་འདྲ་ཡིན་མིན་རྒྱུད་མངའ་ཡོད་སྟབས་བགྲོ་གླེང་སྐབས་བསམ་ཚུལ་དེ་དག་ཐོག་གོ་བསྡུར་ལྷུག་པོ་ཡོང་བའི་རེ་བ་ཞུ་རྒྱུ་ཡིན། ཞེས་བཀའ་སྩལ་བ་དང་སྦྲགས།
ཐེངས་འདིར་མགོན་པོ་གང་ཉིད་མཆོག་ལྷན་ཚོགས་སུ་ལྷན་བཅར་ཞུ་མ་ཐུབ་པར་བརྟེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དང་ཚོགས་བཅར་བ་རྣམས་ལ་དགོང་སེལ་ཞུ་གནང་མཛད་ཡོད་པ་བཅས།།