༢༠༡༠ ཟླ་ ༡༡ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༦ ཉིན་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ Prem Kumar Dhumal མཆོག་སྤོན་ཊ་གཞིས་ཆགས་ཀྱི་མུ་སྦྲེལ་དུ་ཡོད་པའི་གྲོང་གསེབ་ཀྱི་ཞིང་ཆུ་འདྲེན་གཏོང་སླད་Tube-well གྲངས་གསུམ་བཀའ་འཁྲོལ་ཞུས་ཐོབ་བྱུང་བ་ལྟར། རྩིག་རྨང་བཏིང་བའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཕེབས་སྐབས་སྤོན་ཊ་གཞིས་ཆགས་ནས་ཕེབས་བསུའི་རྒྱལ་སྒོ་འཛུགས་པ་དང་སྦྲགས་གཞིས་ཆགས་མི་མང་རྣམས་ཀྱིས་འཚམས་འདྲི་ཞུས་པར་ཧ་ཅང་མཉེས་པོ་བྱུང་ཡོད། མངའ་སྡེའི་བློན་ཆེན་མཉམ་མཇལ་འཕྲད་སྐབས་ཡུལ་མི་དང་མུ་སྦྲེལ་ལམ་གཞུང་དང་གཞིས་ཆགས་བཅས་ཀྱི་འཆར་གཞི་ཁག་གསུམ་ཡིག་ཐོག་ཕུལ་ཡོད་པ་མ་ཟད། ངག་ཐོག་སྙན་སེང་ཡང་ཞུ་ཐུབ་པ་བྱུང་ཡོད། མཛད་སྒོ་གྲུབ་བསྟུན་བློན་ཆེན་མཆོག་ས་གནས་ནས་ཕྱིར་ཐོན་སྐབས་སླར་ཡང་འཆར་གཞི་ཁག་གསུམ་གྱི་ཐད་བཀའ་ལན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པར་ཁོང་གིས་གང་ཐུབ་འབད་བརྩོན་གནང་རྒྱུ་ཡིན་ཞེས་གསུངས་ཡོད་པ་བཅས།།