༢༠༡༧ ཟླ་ ༨ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །རྒྱ་གར་ནུབ་ཕྱོགས་གུ་ཇུ་རཱཏ་ Gujarat མངའ་སྡེའི་ས་ཁུལ་ཁག་ཏུ་ཉེ་ལམ་ཆར་ཞོད་ཧ་ཅང་ཆེ་བས་རྐྱེན་གྱིས་ཆུ་ལོག་ཚབས་ཆེ་བྱུང་སྟེ་མི་རྒྱུ་ཟོག་གསུམ་ལ་གོད་ཆག་ཚབས་ཆེ་ཕོག་པར་བརྟེན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡ ཉིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཝི་ཛྱཱ་རུ་པཱ་ནི་ Vijay Rupani མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན།
ཆུ་ལོག་གི་གོད་ཆག་འོག་དཀའ་སྡུག་ཧ་ཅང་མྱོང་བཞིན་པ་རྣམས་ལ་ཉེན་སྐྱོབ་དང་ཛ་དྲག་ངལ་སེལ་ལས་གཞི་འགྲོ་མུས་ཡིན་པ་ངོས་ཀྱིས་ཤེས་ཀྱི་ཡོད། ཐེངས་འདིར་ཆུ་ལོག་གི་གོད་ཆག་དེ་ནི་ལོ་ངོ་བརྒྱ་ཕྲག་གཅིག་ནང་ཆུ་ལོག་ཉེན་ཚབས་ཆེ་ཤོས་གྲས་ཤིག་ཆགས་ཡོད། དེར་བརྟེན་གོད་ཆག་འོག་ཚེ་སྲོག་ཤོར་བ་རྣམས་ཀྱི་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ད་ལྟ་ཡིད་གདུང་དྲག་པོས་མནར་བཞིན་ཡོད་སྟབས་ངོས་ཀྱིས་བློ་ཕམ་ཧ་ཅང་ཆེན་པོས་སེམས་གསོ་ཞུ་རྒྱུ་དང་། གཞན་ཡང་གོད་ཆག་ཕོག་མཁན་མི་མང་གཞན་ཚོ་ལའང་གདུང་སེམས་མཉམ་སྐྱེ་མཚོན་སླད་ངོས་ཀྱིས་ཏཱ་ལའི་བླ་མའི་ཐེབས་རྩ་ཁང་བརྒྱུད་ནས་ངལ་སེལ་རོགས་སྐྱོབ་ཀྱི་ཞལ་འདེབས་ཕྲན་བུ་འབུལ་རྒྱུ་ཡིན། ཞེས་འཁོད་འདུག །