ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༣༡ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༢ ནས་ ༡༣ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སི་ཌི་ནི་དང་ཁན་བྷེ་ར། མེལ་བྷོན་བཅས་སུ་གསུང་བཤད་གནང་རྒྱུ་མ་ཟད། གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག
དེ་ཡང་ཕྱི་ཟླ་ ༨ ཚེས་ ༢ ཉིན་རྡ་ས་ག་གཱལ་གནམ་ཐང་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོ་ལྡི་ལིར་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་རྒྱུ་མ་ཟད། བོད་དོན་ཐོག་བགྲོ་གླེང་གནང་གྲུབ་བསྟུན། ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ལྡི་ལི་ནས་ཨོ་སི་ཊོ་ལི་ཡར་ཕེབས་ཐོན་གྱིས་ཕྱི་ཚེས་ ༥ ཉིན་ཁུལ་དེར་འབྱོར་འཕྲལ་གྲོང་ཁྱེར་སི་ཌི་ནིར་ཡོད་པའི་ཚོགས་ཁང་གྲགས་ཅན་སི་ཌི་ནི་ཨོ་པེ་ར་ཚོགས་ཁང་ Sydney Opera House ཞེས་པའི་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དུས་རབས་ ༢༡ ནང་བོད་ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ་དང་། ཚེས་ ༦ ནས་ ༧ བར་ཉེ་འཁོར་གྱི་གཙུག་ལག་སློབ་གཉེར་ཁང་ཁག་གཅིག་ནང་མགྲོན་འབོད་ལྟར་ཆེད་ཕེབས་ཀྱིས་སློབ་གྲྭའི་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་རྒྱུ་བཅས་ཡིན་འདུག
དེ་རྗེས་ཕྱི་ཚེས་ ༧ ནས་ ༡༢ བར་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ནོ་རཱ་དང་། དེ་ནས་རྒྱལ་ས་ཁན་བྷེ་ར་དང་། གྲོང་ཁྱེར་མེལ་བྷོན་བཅས་སུ་རིམ་བཞིན་ཕྱོགས་ཕེབས་གནང་སྟེ་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་དང་འབྲེལ་བོད་དོན་གླེང་སློང་གནང་རྒྱུ་བཅས་ཀྱི་གཞུང་དོན་རྣམས་ཡོངས་སུ་ལེགས་པར་གྲུབ་མཚམས། ཕྱི་ཚེས་ ༡༢ ཉིན་ཨོ་གླིང་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༣ ཉིན་ལྡི་ལི་ནས་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།