༢༠༡༧ ཟླ་ ༧ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༢༦ ཉིན་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་རྒྱང་ཐག་སྤྱི་ལེ་ ༤ སར་ཆགས་པའི་ཤེལ་ས་གནས་སུ་ཉེ་ཆར་གསར་བཞེངས་སྔར་འགྱུར་ཨཱརྱ་ལོ་ཀེ་ཤྭ་རའི་དགོན་པ་དང་དེའི་རྟེན་གཙོ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་སྣང་བརྙན་སོགས་ལ་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱངས། དེ་ཡང་ཐོག་མར་སྔར་འགྱུར་ཨཱརྱ་ལོ་ཀེ་ཤྭ་རའི་དགོན་བདག་ཨོ་རྒྱན་རིན་པོ་མཆོག་གིས་དགོན་པའི་དམིགས་ཡུལ་དང་དེ་བཞིན་ལས་བསྡོམས་བཅས་པ་༸གོང་ས་མཆོག་ལ་ལྷ་སྙན་སྒྲོན་འབུལ་ཞུས། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

སྐུ་པར། དགའ་ལྡན་ཕོ་བྲང་།
བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པར་སྒོ་གང་ས་ནས་གེགས་དང་བར་ཆད་མང་དག་ཅིག་འཕྲད་པའི་སྐབས་འདིར་ཧི་མཱ་ལ་ཡའི་རི་རྒྱུད་དུ་ཡོད་པའི་བོད་པ་དང་སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་གཅིག་མཚུངས་ཡིན་པའི་ཡུལ་མི་ཚོས་རང་དབང་གི་གོ་སྐབས་ལོངས་སུ་སྤྱད་དེ་ས་གནས་སུ་སྔར་མེད་པའི་རབ་བྱུང་ཕོ་མོའི་སྡེ་གསར་འཛུགས་དང་། སྔར་ཡོད་ཐོག་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་བཅས་བསྟན་པའི་ཞབས་འདེགས་རླབས་ཆེན་ཞུ་བཞིན་ཡོད། ཧ་ཅང་ཡག་པོ་རེད། ངོས་རང་དགའ་པོ་ཞེ་དྲག་བྱུང་། ཞེས་ཐུགས་དགྱེས་ཚོར་ཆེན་པོ་མཛད་པ་དང་སྦྲགས། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཞེས་པ་དེ་གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན། མཆོད་རྟེན་སོགས་བཞེངས་སྐྲུན་གཅིག་པུས་ཡོང་རྒྱུ་མིན་པར་གཙོ་བོ་སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ། ལུང་དང་རྟོགས་པའི་བདག་ཉིད་དོ། ། དེ་འཛིན་བྱེད་པ་སྨྲ་བྱེད་དང་། ། སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་བསྟན་པ་ལུང་རྟོགས་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་སྐོར་ལུང་འདྲེན་མཛད།

སྐུ་པར། དགའ་ལྡན་ཕོ་བྲང་།
སྐབས་དེར་ཨོ་རྒྱན་རིན་པོ་ཆེ་མཆོག་གིས་གསོལ་འདེབས་ཞུ་དོན་ལྟར། མགོན་པོ་གང་ཉིད་མཆོག་གིས་སེར་སྐྱ་མང་ཚོགས་རྣམས་ལ་ཤེས་རབ་སྙིང་པོ་དང་། གང་བློ་མ། སྒྲོལ་མ། སྤྱན་རས་གཟིགས་དང་རྟ་འགྲིན་གྱི་གཟུངས་སྔགས། དེ་བཞིན་གུ་རུའི་མཚན་སྔགས་དང་སྟོན་པའི་མཚན་སྔགས་བཅས་ཀྱི་ལྗགས་ལུང་བསྩལ།
དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་བཀའ་བློན་ཁྲི་ཟུར་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དང་། ཁྲིག་སེ་རིན་པོ་ཆེ་མཆོག ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོས་གཙོས། ཤེལ་ཉེ་འཁོར་གྱི་མང་ཚོགས་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱུང་འདུག མཛད་སྒོ་གྲུབ་མཚམས་༸གོང་ས་མཆོག་གིས་ཁ་ཆེ་ཡུལ་མི་ཁག་གཅིག་ལ་ཆུ་ཚོད་ཕྱེད་ཀ་ཙམ་རིང་བཀའ་སློབ་སྩལ་གྲུབ་བསྟུན་ཁ་ཆེའི་སྐུ་ཚབ་ཚོ་དང་ལྷན་ཉིན་དགུང་ལྗགས་སྨིན་ལྷན་བཞེས་མཛད། དེ་རྗེས་ཞི་བའི་ཚལ་ཕོ་བྲང་དུ་ཆིབས་༸ཞལ་སྒྱུར་གནང་མཛད་པ་བཅས།།