༢༠༡༧ ཟླ་ ༧ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༢༧ ཉིན་རྒྱ་གར་རྒྱལ་ས་ལྡིིར་རྟེན་གཞི་བྱས་པའི་ལྡི་ལི་མཐོ་སློབ་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ཧནྶ་རཱཇ་མཐོ་སློབ་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་ཆེ་བསྟོད་ཀྱི་གཟེངས་རྟགས་ Mahatma Hansraj Gaurav Samman ཞེས་པ་དེ་འབུལ་ལམ་ཞུས་འདུག སྤྱིར་དཔལ་ལྡན་སྲིད་སྐྱོང་མཆོག་མཐོ་སློབ་དེའི་སློབ་ཟུར་ཡིན་ཞིང་ཁོང་ལ་ཆེ་བསྟོད་ཞུས་པའི་མངོན་བསྟོད་ཀྱི་ཚིགས་བརྗོད་ནང་འཁོད་དོན།
སློབ་ཟུར་ཁོང་ལ་ང་ཚོས་གུས་འདུད་དང་བཅས་ཆེ་མཐོང་ཞུ་རྒྱུ་དང་། ཁོང་ནི་བོད་ཀྱི་ཆབ་སྲིད་འཐབ་རྩོད་ཀྱི་སྣེ་འཁྲིད་མཁན་ཞིག་ཡིན་ཞིང་། འབྱུང་འགྱུར་གཟེངས་རྟགས་དང་མདུན་ལམ་འདི་ལས་ལྷག་པ་ཞིག་ཡོང་རྒྱུར་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད།
དེ་ཡང་སྐབས་དེར་སྲིད་སྐྱོང་མཆོག་གིས་གསུང་དོན། གཟེངས་རྟགས་འདིས་ཧནྶ་རཱཇ་མཐོ་སློབ་ཀྱི་བཀའ་དྲིན་མཚོན་བཞིན་ཡོད་སྟབས། དེ་རིང་ང་རང་འདིར་དངོས་སུ་བཅར་ནས་གཟེངས་རྟགས་འདི་ལྟ་བུ་དང་ལེན་ཞུ་རྒྱུ་བྱུང་བ་ནི་ཧ་ཅང་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ང་རང་མཐོ་སློབ་འདིར་ཡོད་སྐབས་སློབ་ཕྲུག་དྲག་གྲས་ཤིག་མིན། འཛིན་གྲྭའི་ནང་འབྱོར་ཐོའི་ཁ་གྲངས་ཉུང་དྲགས་པར་བརྟེན་སློབ་སྤྱིས་ལས་ཁུངས་སུ་འབོད་འགུགས་གནང་མྱོང་ཡོད། འོན་ཀྱང་འབྱོར་ཐོའི་གྲངས་ཚད་མ་ལང་བའི་རྒྱུ་མཚན་དེ་ཡང་བོད་དོན་ཆེད་དུ་ཆགས་པ་རེད། གང་ཡིན་བརྗོད་ན། ང་རང་མཐོ་སློབ་ཏུ་ཡོད་སྐབས་བོད་དོན་ཆེད་རྔམ་སྟོན་ཁྲོམ་སྐོར་གྱིས་གཙོས་ལས་འགུལ་སྣ་མང་ཐོག་མཉམ་ཞུགས་བྱས་ནས་བསྡད་པ་ཡིན།
དེར་བརྟེན་རྒྱ་ནག་གཞུང་ཚབ་ཁང་གི་འགྲམ་དུ་ཡོད་པའི་རྒྱ་གར་ཉེན་རྟོགས་ལས་ཁུངས་ནང་འབྱོར་ཐོ་ཕྱེད་ཀ་འཁོད་ཡོད་སྟབས། མཐོ་སློབ་དང་ཉེན་རྟོགས་ལས་ཁུངས་ནང་ངའི་འབྱོར་ཐོའི་གྲངས་གཉིས་པོ་བསྡོམས་ཚེ་འབྱོར་ཐོ་བརྒྱ་ཆ་བརྒྱ་ནས་བརྒྱ་ལོང་ཐུབ་རྒྱུ་རེད། ཅེས་གསུང་སྐབས་དགེ་ལས་སློབ་ཕྲུག་སོགས་ཀྱིས་དགའ་བསུའི་ཐལ་མོ་ཤུགས་ཆེ་བརྡབས། ཡང་ཁོང་གིས་མུ་མཐུད་ནས་གསུང་དོན། རྒྱ་ཆེ་ས་ནས་བརྗོད་ན་གཟེངས་རྟགས་འདིས་རྒྱ་གར་གཞུང་གི་བཀའ་དྲིན་མཚོན་བཞིན་ཡོད། རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་དང་༸གོང་ས་མཆོག་ལ་བཀའ་དྲིན་གནང་བ་བཞིན་རྒྱལ་ཁབ་གཞན་སུས་ཀྱང་གནང་མྱོང་མེད།
བོད་མིའི་འཐབ་རྩོད་འདི་ནི་རྒྱ་གར་གྱི་གནའ་རབས་རིག་གཞུང་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བ་ཞིག་ཡིན་པ་མ་ཟད། བཙན་བྱོལ་བོད་མིའི་མང་གཙོའི་རིང་ལུགས་དེ་ཡང་རྒྱ་གར་གྱི་མང་གཙོའི་ལམ་སྲོལ་ལ་མིག་དཔེ་བལྟས་ཡོད། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཕལ་མོ་ཆེ་རྒྱ་གར་ནང་བསྐྱེས་འཚར་བྱུང་བ་དང་། ཤེས་ཡོན་སློབ་སྦྱོང་ཡང་རྒྱ་གར་ནང་གནང་བ་ཤ་སྟགས་ཆགས་ཡོད། ཅེས་སོགས་གསུངས།
ཕྱོགས་མཚུངས་མཐོ་སློབ་ཀྱི་ཉེ་བའི་གཙུག་ལག་སློབ་དཔོན་སྐུ་ཞབས་པྲི་ཏི་དརྨ་ར་ Dr Priti Dharmara ལགས་ཀྱིས་གསུང་དོན། དེ་རིང་ང་ཚོའི་མཐོ་སློབ་འདི་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བའི་དུས་དྲན་ཉིན་མོ་འདིར་འབུམ་རམས་པ་བློ་བཟང་སེངྒེ་མཆོག་ལ་ཆེ་བསྟོད་ཞུ་རྒྱུ་བྱུང་བ་ནི་ཧ་ཅང་དགའ་སྤོབས་ཀྱི་གནས་ཡིན། ལྷག་པར་ཁོང་གིས་ཚོར་ཤུགས་དྲག་པོས་བོད་དོན་ལས་འགུལ་ཐོག་སེམས་ཤུགས་མངོན་པར་གསལ་བ་བྱེད་སྐབས་ང་ཚོར་དགའ་སྤོབས་དེ་བས་ཆེ་བ་ཞིག་བྱུང་། ཞེས་གསུངས།
ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་རྒྱ་གར་ནང་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཀི་རེན་རི་ཇི་ཇུ་ Shri Kiren Rijiju མཆོག་ལའང་ཆེ་བསྟོད་ཀྱི་གཟེངས་རྟགས་འབུལ་ལམ་ཞུས་འདུག་པ་བཅས།།