ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ལྡི་ལི་བསམ་ཡས་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་གནས་ཚུལ་བཏང་གནས་ནང་འཁོད་དོན། ཝཱ་ཎ་མཐོ་སློབ་ཀྱི་སློབ་མ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༤ ཉིན་ཝཱ་ཎ་མཐོ་སློབ་ཏུ་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་ལུས་མེར་སྲེག་བཏང་རྗེས་ཐོག་མར་ཝཱ་ར་ཎཱ་སིའི་སྨན་ཁང་དུ་བསྟེན་གཏུག་བྱས་ཀྱང་དྲག་སྐྱེད་མ་བྱུང་སྟབས་ལྡི་ལི་སབ་ཏར་ཇངྒ་སྨན་ཁང་དུ་ཁྲིད་ཀྱང་ཕྱི་ཚེས་ ༢༢ ཉིན་རྒྱལ་གཅེས་པ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱི་གནས་སྟངས་ཛ་དྲག་ཏུ་ཕྱིན་ཏེ་དེ་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤།༥༠ ཐོག་འདས་གྲོངས་སུ་གྱུར་འདུག
དམ་པ་ཁོང་སྐུ་གྲོངས་མ་ཐག་ལྡི་ལི་ས་གནས་འགོ་འཛིན་དང་། བསམ་ཡས་གླིང་བརྒྱ་འཐུས། ས་གནས་བུད་མེད་ཚོགས་གཙོ། ལྡི་ལི་རོ་ཧི་ནི་ Rohini གཞོན་ནུ། JNU བོད་སློབ་ཚོགས་པ་དང་བློ་གསལ་གླིང་དགེ་འདུན་པ་རྣམས་ནས་འཕྲལ་དུ་སྨན་ཁང་ནང་མཆོད་འབུལ་སྨོན་ལམ་རྒྱས་པ་ཚོགས་ཡོད་པ་དང་། དེ་བཞིན་བསམ་ཡས་གླིང་གཞིས་སྒར་དང་བྷུདྡཱ་ཝིཧཱར་བོད་མི་རྣམས་ནས་ཀྱང་རྒྱས་གཅེས་པ་ཁོང་ལ་སྨོན་ལམ་དང་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་བྱེད་དུ་དེ་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦ པ་ནས་༧།༣༠ བར་མཆོད་འབུལ་སྨོན་ལམ་གནང་འདུག
རྒྱལ་གཅེས་པ་ཁོང་གི་སྐུ་ཕུང་ཕྱི་ཚེས་ ༢༣ སྔ་དྲོ་ཚོུད་ ༩།༣༠ ཐོག་སྨན་ཁང་ནས་བསམ་ཡས་གླིང་གཞིས་སྒར་དུ་གདན་འདྲེན་ཞུས་ཡོད། སྐབས་དེར་བསམ་ཡས་གླིང་མི་མང་རྒན་བྱིས་དར་གསུམ་སོགས་ནས་སྐུ་ཕུང་ལ་མཇལ་དར་སྒྲོན་པ་སྦྲགས། སྨོན་ལམ་གསུང་འདོན་སོགས་གནང་།
གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ཚེས་ ༢༤ ཉིན་རྒྱབ་རྡ་སར་སྐུ་ཕུང་གདན་འདྲེན་ཞུས་པ་དང་། ཕྱི་ཚེས་ ༢༦ སྔ་དྲོ་ཆུ་ཚོད་ ༨ ཐོག་བཞུགས་སྒར་རྡ་རམ་ས་ལར་འབྱོར་རྗེས་བོད་ལུགས་རྩིས་སྐོར་ལྟར་སྐུ་ཕུང་མེར་སྲེག་གནང་རྒྱུ་ཡིན་འདུག་པ་བཅས།།