༢༠༡༧ ཟླ་ ༧ ཚེས་ ༢༡ རེས་གཟའ་པ་སངས།
༄༅། །སྐུ་ཞབས་རཱམ་ནཱཐ་ཀོ་ཝིནྜ་ Shri Ram Nath Kovind མཆོག་རྒྱ་གར་གྱི་སྲིད་འཛིན་གསར་པར་འདེམས་ཐོན་བྱུང་བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཚམས་འདྲི་ཞུས་དོན།
ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་སྐུ་ཉིད་མཆོག་རྒྱ་གར་གྱི་སྲིད་འཛིན་ཐེངས་ ༡༤ པར་བདམས་ཐོན་བྱུང་བར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། ཐེངས་འདིར་སྐུ་ཉིད་མཆོག་ལ་སྲིད་འཛིན་འོས་བསྡུའི་ནང་ནས་ཚད་མཐོའི་རྒྱལ་ཁ་ཐོབ་པ་དེས་རྒྱ་གར་མི་མང་གིས་མང་གཙོའི་རིན་ཐང་དང་། ཆོས་ལུགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་ངང་འཚོ་གནས་བྱ་རྒྱུའི་རིན་ཐང་དེ་དག་མུ་མཐུད་རྒྱུན་སྐྱོང་བྱེད་བཞིན་པ་གསལ་འདོན་གནང་ཡོད།
རྒྱ་གར་ནི་མི་རིགས་དང་རིག་གཞུང་། སྤྱི་ཚོགས། ཆོས་དད། སྐད་ཡིག་སོགས་འདྲ་མིན་འཆམ་མཐུན་ངང་འཚོ་གནས་བྱེད་སའི་སྤྱི་ཚོགས་ཤིག་ཡིན་པ་ཙམ་མ་ཟད། འགྲོ་བ་མི་རིགས་སྤྱིའི་བདེ་ཐབས་ལ་སྨན་པའི་གནའ་བོའི་རྩ་ཆེའི་རིག་གནས་དང་ལེགས་བཤད་ཀྱི་བང་མཛོད་ཀྱང་ཆགས་ཡོད།
དེར་བརྟེན་སྐུ་ཉིད་མཆོག་གིས་རྒྱ་གར་གནའ་རབས་ནས་དར་སྲོལ་ཡོད་པའི་ཆོས་ལུགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན། བྱམས་སྙིང་རྗེ་གོང་འཕེལ་གཏོང་རྒྱུ་སོགས་མིག་དཔེར་འོས་པའི་རིག་གཞུང་བཟང་པོ་དེ་དག་རྒྱུན་འཛིན་གནང་མཁན་གྱི་སྣེ་འཁྲིད་ཞིག་ཏུ་གྱུར་ཐུབ་རྒྱུ་ཡིན་པ་ང་ཚོས་རེ་བ་ཞུ་བཞིན་ཡོད། རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་བཙན་བྱོལ་བ་རྣམས་ལ་གནས་ཚང་གཡར་བ་ཙམ་མ་ཟད། གང་ཅིའི་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་བརྟེན་བོད་མིའི་བདེན་པའི་འཐབ་རྩོད་ཀྱི་རྨང་གཞི་སྲ་བརྟན་བཙུགས་ཐུབ་པ་བྱུང་ཡོད། དེར་བརྟེན་ངས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་རྣམས་ཀྱི་ཚབ་ཞུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། བོད་མིའི་འཐབ་རྩོད་ཀྱི་གཞི་རྟེན་ནི་རྒྱ་གར་གནའ་རབས་ཀྱི་སྲོལ་རྒྱུན་ལ་གཞི་བཅོལ་བ་ཞིག་ཡིན་སྟབས་ང་ཚོ་བོད་མི་ཚོས་དགའ་སྤོབས་སྐྱེ་གཞི་ཞིག་ཏུ་གྱུར་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་དུས་དང་རྣམ་པ་ཀུན་ཏུ་བོད་མི་བཙན་བྱོལ་བ་རྣམས་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་ཙམ་བྱུང་ཐུབ་པ་ནི་གཙོ་བོ་རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད། ཅེས་བཀའ་སློབ་སྩོལ་བཞིན་ཡོད། མཐའ་དོན་ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་སྐུ་ཉིད་མཆོག་ལ་འབྱུང་འགྱུར་ལས་དོན་གང་ཅིའི་ཐོག་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད། སྲིད་འཛིན་མཆོག་གིས་ཕྱི་ཟླ་ ༧ ཚེས་ ༢༥ ཉིན་མཛད་ཁུར་དམ་འབུལ་གནང་རྒྱུ་ཡིན་འདུག
དེ་ཡང་སྲིད་འཛིན་པ་ཁོང་ལ་འོས་གྲངས་ ༦༥.༦༥ ཐོབ་འདུག ཁོང་གི་ཕྱོགས་འགལ་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་མི་ར་ཀུ་མཱར་ Meira Kumar མཆོག་ཡིན་པ་བཅས།