༢༠༡༧ ཟླ་ ༧ ཚེས་ ༡༩ རེས་གཟའ་ལྷག་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ནས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟངས་དཀར་ཕོ་བྲང་དུ་གང་བློ་མའི་ལྗགས་ལུང་དང་སྨན་ལྷའི་རྗེས་གནང་། དེ་བཞིན་གྲུབ་ཆེན་མི་ཏྲ་ཛོ་ཀིས་མཛད་པའི་སྙིང་པོ་དོན་གསུམ་དང་དེའི་འགྲེལ་བ་༸རྒྱལ་བ་དགེ་འདུན་གྲུབ་ཀྱིས་མཛད་པ་གཉིས་ཀྱི་ལུང་དང་འཁྲིད་བཀའ་དྲིན་སྩལ།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་༸གོང་ས་མཆོག་གཟིམ་ཆུང་ཕོ་བྲང་ནས་གསུང་ཆོས་ར་བའི་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན་བཀའ་སློབ་སྩལ་དོན། སློབ་ཕྲུག་གཙོ་བོར་གྱུར་པའི་ཁྱེད་རང་ཚོ་ཚང་མའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་སླད་འཕགས་པ་འཇམ་དཔལ་དབྱངས་ལྷག་པའི་ལྷ་ལ་རུ་བསྟེན་ནས་གཟུངས་སྔགས་ཨོཾ་ཨ་ར་པ་ཅ་ན་དྷི་གསོག་གི་ཡིན་ན། རིག་པ་བཟང་དུ་འགྲོ་རྒྱུར་ཏན་ཏན་ཕན་རྒྱུ་རེད། ལྷག་པར་དེ་རིང་སློབ་ཕྲུག་ཚོས་རྟགས་གསལ་གཏོང་བ་འདི་དངོས་འབྲེལ་ཧ་ཅང་ཡག་པོ་འདུག
སྔ་མོ་བོད་ལ་ཡིན་ན། རྟགས་གསལ་གཏང་ཟེར་དུས་སྤྱིར་དགེ་འདུན་པ་དང་དེའི་ནང་ནས་བཤད་གྲྭ་དེ་ཚོའི་གྲས་ཀྱིས་མ་གཏོགས་གཞན་ཚོས་དོ་སྣང་དེ་ཙམ་བྱེད་སྲོལ་མེད། རྒྱ་གར་དུ་འབྱོར་ནས་ངོས་ཀྱིས་རྟགས་གསལ་གཏང་རྒྱུ་དེ་སློབ་གྲྭ་ཁག་གི་ནང་རྟགས་གསལ་བསླབ་དགོས་པ་དང་། རིམ་བཞིན་མི་མང་སྐྱ་བོ་ཕོ་མོ་ཚོའི་ནང་དུའང་རིགས་ལམ་བསླབ་ནས་རྟགས་གསལ་གཏོང་དགོས་རེད། ཅེས་རྡ་ས་དང་ས་ཁུལ་ཁག་ཁ་ཤས་ལ་མི་སྐྱ་ཕོ་མོ་ཚོས་རྟགས་གསལ་བཏང་བ་དེ་འདྲ་བྱེད་བཞིན་ཡོད། དེར་བརྟེན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་འདི་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་གང་བློ་མའི་ལྗགས་ལུང་དང་སྙིང་པོ་དོན་གསུམ་བཀའ་ཆོས་སྩལ།
ཕྱེད་ཡུལ་ཆུ་ཚོད་ ༡།༡༥ ཐོག་ཟངས་དཀར་པ་ལྡུམ་ Padum ཁུལ་གྱི་ཁ་ཆེའི་ཚོགས་པ་ Anjumane Moen Ul Islam ཞེས་པས་ཇི་ལྟར་སྔོན་ནས་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ Modern Public School ཞེས་པའི་སློབ་གྲྭའི་མདུན་ཐང་དུ་༧ཞབས་སོར་བདེ་བར་ཁོད་དེ་བཀའ་སློབ་སྩལ་དོན།
ད་རེས་ཟངས་དཀར་དུ་སླར་ཡང་ཐེངས་ཤིག་སླེབ་པ་རེད། རྩ་བའི་ཁ་སྔོན་སླེ་རུ་ཡོད་སྐབས་གོ་བྱུང་། བར་སྐབས་ནས་མི་མང་ནང་ཆོས་དད་མི་འདྲ་བའི་རྒྱུ་མཚན་དུ་བྱས་ནས་འབྲེལ་བ་ཕྲན་བུ་ཐག་རིང་པོ་ཆགས་པའི་སྐོར་ཐོས་སྐབས་ངོས་རང་ཧ་ཅང་བློ་ཕམ་བྱུང་། སྤྱིར་འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་པ་ཚང་མ་མི་གཅིག་གྱུར་གྱི་འདུ་ཤེས་གལ་ཆེན་པོ་རེད། ཅེས་ངོས་ཀྱིས་དུས་རྟག་ཏུ་ས་གནས་གང་དུ་འབྱོར་བ་ཡིན་ནའང་འབོད་སྐུལ་བྱེད་བཞིན་ཡོད།
འཛམ་གླིང་འདིའི་སྟེང་ལོ་སྟོང་ཕྲག་གཉིས་གསུམ་རིང་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་པ་དེ་དག་ཚང་མས་བསླབ་བྱ་གཙོ་བོ་ནི་བྱམས་བརྩེ་དགོས་རེད། ཅེས་བསླབ་བྱ་གཅིག་པ་རེད་འདུག ཆོས་ལུགས་དེ་དག་མི་ལ་ཕན་གྱི་ཡོད་སྟབས། ལོ་ཉིས་སྟོང་ལྷག་རིང་དེ་ལྟར་གནས་ཡོད། ས་གནས་དང་ཁོར་ཡུག་གི་གནས་སྟངས་མི་འདྲ་བའི་ཐོག་ནས་ཆོས་ལུགས་མི་འདྲ་བ་ཚོ་ལྟ་གྲུབ་ཕྲན་བུ་མི་འདྲ་བ་ཡོང་བཞིན་ཡོད། ལྟ་གྲུབ་མི་འདྲ་བ་དགོས་པ་ཞིག་ཀྱང་རེད།
ཁ་སང་འདིར་ཟངས་དཀར་ཕོ་བྲང་དུ་འབྱོར་བ་དང་ངོས་ཀྱིས་ནང་པ་དང་ཁ་ཆེའི་དབར་འབྲེལ་བ་ཕྲན་བུ་ཐག་རིང་པོ་ཡོད་པ་འདི་ཡག་པོ་ཁྱོན་ནས་མ་རེད། སྤྱི་ཚོགས་གཅིག་གི་འདུ་ཤེས་འཛིན་ཐུབ་པ་བྱ་རྒྱུ་གལ་ཆེ་ཤོས་རེད། ཆོས་དད་མི་འདྲ་བ་ཟེར་རྒྱུ་ནི་ཆོས་དད་མེད་པའང་ཡོང་གི་རེད། ཆོད་དད་ནང་ལ་ནང་པ་དང་། ཁ་ཆེ། ཡི་ཤུའི་ཆོས་དད་བྱེད་མཁན་ཡང་ཡོང་གི་རེད། དེ་སོ་སོ་སྒེར་གྱིས་ཆོས་ལ་དད་པ་རང་མོས་བྱས་ནས་སོ་སོ་སྒེར་གྱི་དོན་དག་རེད། འོན་ཀྱང་སྤྱི་ཚོགས་གཅིག་གི་འདུ་ཤེས་འཛིན་རྒྱུ་ཟེར་བ་འདི་སྤྱི་པའི་དོན་དག་རེད། འདི་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱིས་ཁ་སྔོན་ནང་པ་ཚོ་ལ་འདི་ལྟར་ལབ་པ་ཡིན། ཁ་སྔོན་ལྡུམ་ར་བདེ་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་དུ་ཁྲིག་སེ་རིན་པོ་ཆེས་དབུ་ཁྲིད་པའི་དབྱར་ཆོས་ཆེན་མོ། ཞེས་ནང་ཆོས་ལྟ་གྲུབ་དེ་འདྲའི་ཐོག་བགྲོ་གླེང་བྱས་པ་རེད། མཇུག་སྒྲིལ་མཛད་སྒོའི་ཐོག་ཁ་ཆེའི་འགོ་ཁྲིད་ཀྱིས་ལོ་རྗེས་མ་ནས་དབྱར་ཆོས་ཚོགས་ནས་བགྲོ་གླེང་བྱེད་པའི་སྐབས་ཁ་ཆེ་ཚོ་མཉམ་དུ་ཡོང་གི་ཡིན། ཞེས་སྐད་ཆ་བྱུང་། ཞེས་དང་། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་ཡོད་པ་བཅས།།