༢༠༡༧ ཟླ་ ༧ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །ཐེངས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་སུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་དང་བསྟུན། དཔལ་ལྡན་སྲིད་སྐྱོང་མཆོག་ཀྱང་ཇི་ལྟར་མགྲོན་འབོད་ལྟར་ལ་དྭགས་ཀྱི་རྒྱལ་ས་སླེ་བ་ཀུ་ལ་གནམ་ཐང་དུ་ཕྱི་ཟླ་ ༧ ཚེས་ ༣ ཉིན་ཕེབས་འབྱོར་སྐབས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ཚོགས་པའི་ LAHDC ཚོགས་གཙོ་བསོད་ནམས་ཟླ་བ་བློན་པོ་ལགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་པ་མ་ཟད། དེ་རྗེས་ཕྱི་ཟླ་ ༧ ཚེས་ ༧ ཉིན་སྲིད་སྐྱོང་མཆོག་དང་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་རྣམ་གཉིས་ཆེད་མངགས་མགྲོན་འབོད་ཐོག་གསོལ་སྟོན་རྒྱས་འབུལ་ཞུས་ཡོད།
ཕྱོགས་མཚུངས་ཕྱི་ཟླ་ ༧ ཚེས་ ༨ ཉིན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་སྤྱི་ཁང་དུ་སྲིད་སྐྱོང་མཆོག་ལ་མངོན་བསྟོད་ཀྱི་མཛད་སྒོ་ཞིག་གོ་སྒྲིག་ཞུ་སྐབས་དམིགས་བསལ་སྐུ་མགྲོན་དུ་སྐུ་ཞབས་བསོད་ནམས་ཟླ་བ་བློན་པོ་ལགས་གདན་འདྲེན་ཞུས་འདུག སྐབས་དེར་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ཚོགས་པའི་ LAHDC ཚོགས་གཙོ་བསོད་ནམས་ཟླ་བ་བློན་པོ་ལགས་ཀྱིས་ལ་དྭགས་ནང་གི་བོད་མི་བཙན་བྱོལ་བ་རྣམས་ལ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ཚོགས་པའི་ངོས་ནས་དགོས་ངེས་རོགས་རམ་ཆ་ཚང་ཞུ་རྒྱུར་ཆོད་སེམས་བརྟན་པོ་ཡོད་སྐོར་དང་།
རྒྱ་གར་གཞུང་གིས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་དེ་ཇམ་མུ་ཀ་ཤི་མིར་མངའ་སྡེ་སྤྱི་དང་། ལྷག་པར་བོད་མི་ཕོན་ཆེ་གནས་ཡུལ་ལ་དྭགས་ཁུལ་དུ་ངེས་པར་དུ་གཏན་འབེབས་ཡོང་ཆེད་འབད་བརྩོན་ལྷོད་མེད་ཞུ་རྒྱུ་ཡིན་ཞེས་ཁས་ལེན་ཡང་གནང་བ་མ་ཟད། རྒྱ་གར་དབུས་གཞུང་གིས་ལ་དྭགས་བྱང་ཐང་ས་ཁུལ་དུ་ཁང་པ་གསར་རྒྱག་ལས་གཞིའི་ཐོག་རྒྱབ་སྐྱོར་ཆ་ཚང་ཡོད་སྐོར་གསུང་དོན། འདས་པའི་མི་ལོ་ ༤༡ རིང་ངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་བྱུང་བ་རེད། ངས་༸གོང་ས་ཡིད་བཞིན་ནོར་བུ་མཆོག་ལ་དད་པ་རྩེ་གཅིག་ཏུ་ཞུ་བཞིན་ཡོད། ཅེས་གསུངས།
དེ་བཞིན་སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་ནས་བོད་དང་ལ་དྭགས་གཉིས་ལོ་རྒྱུས་ཐོག་ནས་ཆོས་དང་རིག་གཞུང་གང་གི་ཆ་ནས་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པ་དང་། ལྷག་པར་རྒྱ་གར་གཞུང་གིས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་དེ་ཇམ་མུ་ཀ་ཤི་མིར་ Jammu & Kashmir མངའ་སྡེའི་ནང་གཏན་འབེབས་གནང་ཐུབ་པ་དགོས་རྒྱུ་ནི་བོད་མི་ཚོར་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད་པ་དང་། གལ་ཏེ་ཇམ་མུ་ཀ་ཤི་མིར་མངའ་སྡེའི་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཞེས་པ་དེ་གཏན་འབེབས་གནང་ཐུབ་ཚེ་ལ་དྭགས་ནང་གནས་སྡོད་བོད་མི་བཙན་བྱོལ་བ་རྣམས་ལ་གང་ཅིའི་ཐོག་ནས་ཕན་ཐོགས་ཧ་ཅང་ཡོང་ངེས་སྐོར་གསུངས།
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་བཀའ་ཤག་གི་ལྔ་དང་ལྔ་བཅུའི་སྲིད་བྱུས་སྐོར་སོགས་གསུངས་ཡོད། མཛད་སྒོའི་ཐོག་ལ་སྤྱི་ཚེ་བརྟན་དབང་ཕྱུག་ལགས་ཀྱིས་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ཚོགས་པའི་ LAHDC ཚོགས་གཙོ་བསོད་ནམས་ཟླ་བ་བློན་པོ་ལགས་ལ་ཐུགས་རྗེ་ཆེ་ཞུས།
མཛད་སྒོ་དེའི་ཐོག་བོད་མི་མང་སྤྱི་མཐུད་དོན་གྲུབ་བཀྲ་ཤིས་ལགས་དང་། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ། ས་གནས་ཁྲིམས་དྲུང་། ལ་དྭགས་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་བཅས་ཕེབས་འདུག།