༢༠༡༧ ཟླ་ ༧ ཚེས་ ༡༡ རེས་གཟའ་མིག་དམར།
༄༅། །ཉེ་ལམ་སོག་པའི་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མི་སྐུ་ཞབས་ཁལྟ་མ་བྷ་ཊུལ་ག་ Khaltmaa Battulga མཆོག་ལ་ཡུལ་དེའི་སྲིད་འཛིན་གསར་པར་འོས་འདེམས་བྱུང་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་བསུའི་འཚམས་འདྲི་མཛད་འདུག
སྤྱིར་ད་སྐབས་༸གོང་ས་མཆོག་ལ་དྭགས་སུ་མཛད་འཕྲིན་རྒྱ་ཆེ་བསྐྱང་བཞིན་ཡོད་མུས་ལགས་ཀྱང་། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༩ ཉིན་སོག་པོའི་སྲིད་འཛིན་གསར་པ་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་བའི་ནང་། དེང་སྐབས་སོག་པོའི་ཡུལ་དུ་དད་ལྡན་མང་ཚོགས་རྣམས་ཀྱིས་སྔར་ལམ་ལྟར་རྨོངས་དད་ཀྱི་རྗེས་སུ་མ་འབྲང་བར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གཞིར་བཟུང་རིག་པས་ལམ་ནས་བརྟགས་ཤིང་དཔྱད་ནས་དུས་རབས་ ༢༡ ནང་པ་ཞིག་ཆགས་ཐུབ་པ་བརྒྱུད་ནང་ཆོས་ལ་དོན་གཉེར་བྱེད་ཆེར་འགྲོ་བཞིན་པ་དེ་ནི་ཐུགས་དགའ་སྤོབས་སྐྱེ་གཞི་ཞིག་ཏུ་གྱུར་ཚུལ་དང་།
བོད་སོག་མི་རིགས་གཉིས་ནི་དེ་སྔ་༸རྒྱལ་དབང་༸སྐུ་ཕྲེང་ ༣ བསོད་ནམས་རྒྱ་མཚོའི་སྐུ་དུས་ནས་བཟུང་ཐུན་མོང་མིན་པའི་འབྲེལ་བ་དམ་ཟབ་ཡོད་པ། སོག་པོའི་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་། རྒྱུན་ལྡན་མང་ཚོགས་ཀྱི་ཉིན་རེའི་འཚོ་བའི་གོམས་གཤིས་ཁྲོད་ནང་ཆོས་ཀྱི་ཤུགས་རྐྱེན་ཧ་ཅང་ཐེབས་ཡོད་སྐོར་དེ་སྔ་ཆིབས་སྒྱུར་ཐེངས་འགའ་ཤས་བསྐྱངས་སྐབས་བཀའ་སྩལ་བ་རྣམས་ཐུགས་དྲན་གསོ་མཛད།
ཕྱོགས་མཚུངས་སྟོན་པ་བཅོམ་ལྡན་འདས་ཀྱིས་གཞན་ལ་བྱམས་བརྩེའི་ཉམས་ལེན་སྤེལ་དགོས་པ་དང་། སེམས་ཅན་གཞན་ལ་འཚེ་བ་སྤོང་དགོས་པའི་ལམ་སྟོན་དེ་དག་གང་ཟག་སྒེར་གྱི་ཆོས་དད་དང་རྒྱབ་འགལ་འགྲོ་རྒྱུ་གང་ཡང་མེད་པ་མ་ཟད། འགྲོ་བ་མི་རིགས་སྤྱི་ལ་བདེ་བའི་ལམ་སྣེ་འདྲེན་ཐུབ་པའི་ནུས་པ་ལྡན་ཡོད་སྐོར་བཀའ་སྩལ་བ་དང་སྦྲགས་སྲིད་འཛིན་མཆོག་གི་སྲིད་གཞུང་གསར་པས་རིན་ཐང་དེ་དག་མུ་མཐུད་གཅེས་འཛིན་ཐོག་རྒྱུན་སྲིང་གནང་རྒྱུ་ཡིན་པའི་ཐུགས་རེ་མཛད་བཞིན་ཡོད་སྐོར་བཀའ་སྩལ།
མཐའ་དོན་༸གོང་ས་མཆོག་གིས་སྲིད་འཛིན་གསར་པ་མཆོག་གི་ལས་ཡུན་རིང་ལས་དོན་གང་ཅིར་བྱ་བ་ལམ་ལྷོང་ཡོང་བ་དང་། སོག་པོའི་མི་མང་གི་མངོན་འདོད་རྣམས་ཡིད་བཞིན་དུ་འགྲུབ་པའི་རེ་སྨོན་ཡང་མཛད་ཡོད་པ་བཅས།།