༢༠༡༧ ཟླ་ ༧ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༥ ཉིན་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་སྐུ་ཚབ་དོན་ཁང་དུ་ཕེབས་སྐབས་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་དང་། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
དེ་རྗེས་ལས་ཁུངས་ནང་ཕེབས་བཞུགས་རྗེས་སྐུ་ཚབ་དོན་གཅོད་མཆོག་ནས་རིན་པོ་ཆེ་མཆོག་ལ་སྐུ་ཚབ་དོན་ཁང་གི་ལས་དོན་གནང་ཕྱོགས་སོགས་དང་འབྲེལ་བའི་གནས་ཚུལ་ཁག་གཅིག་འགྲེལ་བཤད་ཞུས་པ་དང་སྦྲགས། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ལས་དོན་སྐོར་འགྲེལ་བཤད་ཞུས།
གཞན་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཕྱོགས་སྐོར་སོགས་ངོ་སྤྲོད་ཞུས། སྐབས་དེར་ལས་འགུལ་ཁང་དེའི་ཚོགས་གཙོ་སྐུ་ཞབས་མེ་ཐིའུ་མེ་ཁ་ཅི་ Matteo Mececci ལགས་ཀྱིས་ད་ལྟའི་ཨ་རིའི་སྲིད་གཞུང་གསར་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལངས་ཕྱོགས་ཇི་འདྲ་ཡིན་པ་དང་། དེར་གཞིགས་པའི་ལས་འགུལ་ཁང་ནས་ལས་དོན་ཇི་ལྟར་སྤེལ་བཞིན་པའི་རྣམ་པ་ངོ་སྤྲོད་ཞུས་པར་རིན་པོ་ཆེ་མཆོག་ནས་ཐུགས་དགྱེས་ཚོར་དང་སྦྲགས། བོད་ཨིན་སྐད་ཡིག་གཉིས་ཐོག་ནས་དྲི་བ་ཁག་གཅིག་གནང་བ་མ་ཟད། བོད་ཕྱི་ནང་གཉིས་ཀྱི་ཆབ་སྲིད་ཀྱི་གནས་སྟངས་སྐོར་འགྲེལ་བཤད་གནང་ཡོད་པ་བཅས།།