༢༠༡༧ ཟླ་ ༧ ཚེས་ ༡༠ རེས་གཟའ་ཟླ་བ།
༄༅། །ཉེ་ལམ་སོག་པའི་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མི་སྐུ་ཞབས་ཁལྟ་མ་བྷ་ཊུལ་ག་ Khaltmaa Battulga མཆོག་ལ་ཡུལ་དེའི་སྲིད་འཛིན་གསར་པར་འོས་འདེམས་བྱུང་བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དགའ་བསུའི་འཚམས་འདྲི་ཞུས་འདུག
གསར་དུ་འདེམས་ཐོན་བྱུང་བའི་སྲིད་འཛིན་ཁོང་ནི་དེ་སྔ་སྦེ་ག་རྩེ་མཁན་ཡིན་ཞིང་། ཐེངས་འདིར་ཁོང་ལ་ཁྱོན་བསྡོམས་འོས་གྲངས་བརྒྱ་ཆ་ནས་བརྒྱ་ཆ་ ༥༠ ་ ༦ ཐོབ་འདུག་ཅིང་། ཁོང་གི་ཁ་གཏད་སོག་པོ་མི་མང་ཚོགས་པའི་འགོ་ཁྲིད་སྐུ་ཞབས་མི་ཡེ་གུམ་བྷོ་ཨེནཀ་བྷོལཌ་ Mr Miyeegombo Enkhbold མཆོག་ཡིན་འདུག
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་ཞུ་དོན། ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་ཐེངས་འདིར་སྐུ་ཉིད་མཆོག་སོག་པོའི་སྲིད་འཛིན་གསར་པར་བདམས་ཐོན་བྱུང་བར་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། གཟི་བརྗིད་ཀྱི་དཔལ་ཕུན་སུམ་ཚོགས་པའི་བྱུང་བ་བརྗོད་རྒྱུ་ཡོད་པ་གཅིག་མཚུངས་ཐོག་བོད་དང་སོག་པོ་གཉིས་ནི་ལོ་ངོ་བརྒྱ་ཕྲག་རིང་ནས་ཆོས་དང་རིག་གཞུང་། ལོ་རྒྱུས་གང་གི་ཆ་ནས་འབྲེལ་བ་དམ་ཟབ་ཡོད་པ་དེས་ཕྱོགས་གཉིས་ལ་དགེ་མཚན་ཧ་ཅང་བྱུང་ཡོད།
བོད་སིལ་བུར་ཐོར་རྗེས་སོག་པོའི་རྒྱལ་པོས་བོད་ལ་དབང་སྒྱུར་བྱས་པ་དེས་བོད་ཡུལ་ཡོངས་རྫོགས་གཅིག་ཏུ་སྒྲིལ་ཐུབ་རྒྱུར་དམིགས་བསལ་ཕན་ཐོགས་བྱུང་ཡོད། ལྷག་པར་སོག་པོའི་སྟོབས་ཤུགས་ཀྱིས་འཛམ་གླིང་ཁྱོན་དུ་ཤུགས་རྐྱེན་ཇི་འདྲ་ཞིག་སྤྲད་པའི་ལོ་རྒྱུས་མང་པོ་ཤོད་རྒྱུ་ཡོད། དེར་བརྟེན་སྐུ་ཉིད་མཆོག་གིས་ཐེངས་འདིར་སོག་པོའི་དཔལ་འབྱོར་གྱི་སྟོབས་ཤུགས་སྔར་ལྟར་རང་ཁ་རང་གསོ་བཟོ་ཐུབ་པ་ཞིག་དང་། འདས་པའི་སྤྱི་ཚོགས་ཀྱི་དཔལ་ཡོན་ཕྱུག་པོ་ཡོད་པ་དེ་དག་སླར་གསོ་གནང་རྒྱུའི་འཆར་སྣང་དེར་ངས་བསྔགས་བརྗོད་ཞུ་རྒྱུ་དང་།
སོག་པོའི་ཡུལ་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་གདན་ཞུ་གནང་བ་དེར་ངས་སྙིང་ཐག་པ་ནས་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན། ༸གོང་ས་མཆོག་སོག་ཡུལ་དུ་གདན་ཞུ་ཐུབ་པ་དེས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་སོག་པོའི་གཞུང་མང་གཉིས་དབར་ཆོས་ཕྱོགས་ཐོག་ནས་འབྲེལ་བ་དམ་ཟབ་ཡོད་པ་དེ་དག་སྐྱར་དུ་གསལ་སྟོན་གནང་ཐུབ་ཡོད། ངས་སྐུ་ཉིད་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་ལས་དོན་གང་ཅིར་བྱ་བ་ལམ་ལྷོང་ཡོང་བ་དང་སོག་པོའི་མི་མང་རྣམས་ལ་བཀྲ་ཤིས་ལོ་ལེགས་ཕུན་སུམ་ཚོགས་པའི་དུ་སྐབས་གསར་པ་ཞིག་འཆར་རྒྱུའི་རེ་བ་ཞུ་རྒྱུ་མ་ཟད། སྐུ་ཉིད་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བོད་སོག་ཡུལ་གཉིས་ལོ་རྒྱུས་ཐོག་ནས་འབྲེལ་བ་དམ་ཟབ་ཡོད་པ་དེ་གཞི་རྩར་བཟུང་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་ཡོང་སླད་ཆབ་སྲིད་ཀྱི་རྒྱབ་སྐྱོར་གནང་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད། ཅེས་འཁོད་འདུག །