ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༥ ཉིན་སྔ་དྲོ་ཕྱག་ཚོད་ ༨ ཐོག་བལ་ཡུལ་རྒྱལ་འཕགས་ས་གནས་འགོ་འཛིན་ཁྱབ་ཁོངས་སུ་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༦ ཉིན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༢ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་དགའ་དད་སྤྲོ་གསུམ་གྱི་རྟེན་འབྲེལ་ངང་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་དུས་ཆེན་སྲུང་བརྩི་མཛད་སྒོར་རིས་མེད་དགོན་སྡེ་ཁག་གི་བླ་སྤྲུལ་དང་མཁན་པོ། གཞུང་ཚབ་ཁག་གི་གཞུང་ཚབ་པ་ཆེན་མོ་དང་སྐུ་ཚབ། བལ་ཡུལ་དོན་གཅོད་ཁང་གི་འབྲེལ་མཐུད་པ། ཕྱོགས་ཞུགས་བོད་མི་མང་སྤྱི་འཐུས། སྤྱི་ཟུར། གནད་ཡོད་མི་སྣ། བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་མི། ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ཚོགས་པའི་སྐུ་ཚབ་དང་འཐུས་མི། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལས་ཁུངས་ཁག་གི་ལས་བྱེད་དང་ལས་ཟུར། གཞན་ཡང་རྒྱ་ཆེ་མི་མང་བཅས་ཁྱོན་བསྡོམས་མི་གྲངས་ ༡༠༠༠ ཙམ་ཕགས་ཤིང་གློ་བའི་དགོན་པར་འདུ་འཛོམས་བྱས་ཏེ་སྐྱིད་གྲོང་ཐུགས་རྗེ་ཆོས་གླིང་བཙུན་དགོན་མཁན་པོ་མཆོག་དང་བཙུན་མ་རྣམ་པའི་གསེར་ཕྲེང་དང་། བལ་ཡུལ་ལྷ་མོ་ཚོགས་པས་བཀྲ་ཤིས་གཞོལ་པ་དང་། ལྷ་ཀླུ་གཞས་མས་རྟེན་འབྲེལ་གྱི་གླུ་དབྱངས་གྱེར་བཞིནཏྲེ་ཧོར་སྐྱིད་སྡུག་གིས་སེངྒེ་དང་གཡག་གི་འཁྲབ་སྟོན་གནང་ཡོད།
གློ་བ་དགོན་པའི་ཚོམས་ཆེན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤོས་སྣེས་བསུས་ཏེ་གསེར་ཁྲི་མཐོན་པོར་མངའ་གསོལ་ཞུས། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་དང་དོན་གཅོད་ནས་ཞབས་བརྟན་གསོལ་འདེབས་དང་སྦྲགས། ༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མནྜལ་རྟེན་གསུམ་འདེགས་འབུལ་ཞུས། རིམ་པས་རྣམ་རྒྱལ་འབྲིང་རིམ་གཏན་ཉིན་སློབ་གྲྭ་དང་། བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པ། སྐྱིད་སྡུག་ཁག་གཅིག་ནས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་གྱི་ཚུལ་དུ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་གཞས་སྣ་ལེའུ་བཅུ་གྲངས་ཞིག་འཁྲབ་སྟོན་གཟིགས་འབུལ་ཞུས་རྗེས་ཀི་གསོ་ལྷ་རྒྱལ་དང་སྦྲགས་མཛད་སྒོ་མཇུག་བསྒྲིལ་ཡོད།
དེ་ཉིན་སྐུ་མགྲོན་དང་མི་མང་ཡོངས་རྫོགས་ལ་ལྷག་དཀར་དང་སྟབས་སྟུན་དཀར་ཟས་ཀྱི་དགུང་ཚིགས་ཕུལ་ཡོད། བལ་ཡུལ་མཆོད་འཇོར་ས་གནས་འགོ་འཛིན་ཁྱབ་ཁོངས་སང་ཉིན་༸སྐུའི་འཁྲུངས་སྐར་མཛད་སྒོ་སྲུང་བརྩི་ཞུ་རྒྱུར་བལ་ཡུལ་གཞུང་གིས་བཀག་འགོག་གནང་ཡོད་ཀྱང་འཇོ་ལ་ཁེལ་ས་གནས་ཁྱབ་ཁོངས་སུ་སང་ཉིན་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་གཏན་འཁེལ་འདུག་པ་བཅས།།