༢༠༡༧ ཟླ་ ༧ ཚེས་ ༦ རེས་གཟའ་ཕུར་བུ།
༄༅། །བོད་རྒྱལ་ལོ་ ༢༡༤༤ ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༦ ཉིན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་དཔུང་གཉེན་དམ་པར་༸སྐུའི་མཚན་དཔེ་བཞད་ནས་ཕྱི་ལུགས་ལྟར་དགུང་གྲངས་ ༨༢ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གཞུང་འབྲེལ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
མཛད་རིམ་ལྟར་དེ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༠༠ ཐོག་བཞུགས་སྒར་ལྷ་རྒྱལ་རིར་སྐུ་ཁམས་དང་མཐུན་པའི་སྐུ་རླུང་དར་འཛུགས་དང་། དར་ཆེན་ན་བཟའ་སྒྲོན་འབུལ་དང་ཆབས་ཅིག་ཁྲོ་བོ་ཁམས་གསུམ་དབང་འདུས་དང་། བསྟན་སྲུང་དམར་ནག་གཉིས་ཀྱི་སྤྱན་སྔར་རྣམ་གྲྭ་དགེ་འདུན་པ་བཞི་གྲས་རྒྱགས་བརྔན་ལྷ་བསང་དང་། གནས་གྲྭ་དགེ་འདུན་བཞི་གྲས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་མཐུ་བོ་ཆེ་རྣམས་ཀྱི་དབུ་འཕང་དགུང་དུ་འདེགས་པའི་བསང་མཆོད་ཟབ་རྒྱས་འབུལ་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཆེ་ཕྲ། དྷ་ས་ཁུལ་གནས་སྡོད་སེར་སྐྱ་མི་མང་ཡོངས་ནས་བོད་ལུགས་ན་བཟའ་གཟབ་འཕྱོར་དང་བཅས་མཉམ་ཞུགས་གནང་།
དེ་ནས་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་བཟོ་ལས་བློན་ཆེན་སྐུ་ཞབས་ཀི་ཤན་ཀ་པུར་ Kishan Kapoor མཆོག་དང་། དམིགས་བསལ་སྐུ་མགྲོན་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ནི་ནོང་ཨེ་རིང་ Shri Ninong Ering མཆོག དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་བཅས་དབུ་བཞུགས་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རར་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་དཔལ་ལྡན་སྲིད་ཚབ་མཆོག་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་འཛུགས་དང་སྦྲགས། བོད་ཀྱི་ཟློས་གར་ཚོགས་པ་ནས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་དང་། རྒྱ་གར་རྒྱལ་གླུ་ཕུལ།
དེ་རྗེས་དཔལ་ལྡན་སྲིད་ཚབ་མཆོག་ནས་༸རྒྱལ་བའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན། ཁྲིམས་ཞིབ་པ་གཞན་རྣམ་གཉིས། ཡབ་གཞིས་སྐུ་འཁོར་རྣམ་པ། བཀའ་བློན་ལས་ཟུར་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་བཅས་ནས་རིམ་བཞིན་རྟེན་འབྱུང་མཇལ་དར་སྒྲོན་འབུལ་ཞུས། སྐབས་དེར་བོད་ཀྱི་ཟློས་གར་ཚོགས་པ་ནས་དྲུག་བཅུའི་དབྱངས་ལྡན་ཞེས་པའི་མཉམ་གཞས་ཕུལ་འདུག
མཛག་སྒོའི་ཐོག་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་ནས་ཤེས་རིག་ལས་ཁུངས་ཀྱི་སྒྲིག་ཞུགས་མིན་པའི་མཐོ་རིམ་ཉམས་ཞིབ་མཐར་ཕྱིན་པ་གསུམ་ལ་ལག་འཁྱེར་གནང་། དེ་ཡང་ཉམས་ཞིབ་སློབ་ཐོན་པ་རྣམས་ནི། སྨན་ཤེར་བློ་གྲོས། ཚེ་དབང་སྟོབས། སྐལ་བཟང་ཉི་མ། བཅས་ཡིན་འདུག
དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་ནས་ཕྱི་དྲིལ་ལས་ཁུངས་ཀྱིས་བོད་ཀྱི་འདས་མ་ད་གསུམ་ Tibet’s Past, Present and Future ཞེས་པའི་དཔེ་དེབ་གཅིག་དང་། ཕྱི་དྲིལ་རྒྱ་ཡིག་ཚན་པས་བོད་ཀྱི་ལོ་རྒྱུས་ལ་ཡུད་ཙམ་བལྟ་བ་ Glimpse on the History of Tibet ཞེས་པའི་པར་དེབ་དང་། ཕྱི་དྲིལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཀྱི་ཁོར་ཡུག་ཚན་པས་ཕྱི་ལོ་ ༡༩༨༧ ནས་ཕྱི་ལོ་ ༢༠༡༧ བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་བཀའ་སློབ་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་བཅས་དབུ་འབྱེད་གནང་བསྟུན། དྷ་སྟེང་བོད་ཁྱིམ་སློབ་གྲྭས་ནང་མ་སྟོད་གཞས་གཟིགས་འབུལ་ཞུས་གྲུབ་མཚམས། དཔལ་ལྡན་སྲིད་ཚབ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ལས་དོན་གཟེངས་ཐོན་གཟེངས་རྟགས་ཐོབ་མཁན་འགན་འཛིན་སྡེ་ཚན་ནས་ནང་སྲིད་ཁྱབ་ཁོངས་ཀུ་ལུ་ས་གནས་འགོ་འཛིན་བསྟན་འཛིན་སྣང་བ་ལགས་དང་། ལས་བྱའི་སྡེ་ཚན་ནས་ནང་སྲིད་ཁྱབ་ཁོངས་ཌལ་ཧོར་ས་གནས་འགོ་འཛིན་རབ་བརྟན་ཚེ་རིང་ལགས་གཉིས་ལ་གཟེངས་རྟགས་གནང་ཡོད།
དེ་ནས་ཤེས་རིག་ལས་ཁུངས་ཀྱིས་ནོར་ཝེ་རོགས་ཚོགས་ Norwegian Church Aid ལས་འཆར་འོག་བཟོ་བསྐྲུན་ཞུས་པའི་འཛིན་རིམ་གསུམ་པ་ནས་ལྔ་པ་བར་གྱི་ཚན་རིག་སློབ་ཚན་བརྙན་ཁྲིད་མཐེབ་སྡེར་ཁག་གསུམ་སྐུ་མགྲོན་གཙོ་བོ་ Kishan Kapoor མཆོག་ནས་དབུ་འབྱེད་གནང་རྗེས་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་ནས་མཉམ་གཞས། བྱམས་བརྩེའི་བདག་ཉིད་འགྲོ་བའི་མགོན་པོ། ཞེས་པ་གཟིགས་འབུལ་ཞུས་གྲུབ་མཚམས། འཕྲོད་བསྟེན་ལས་ཁུངས་ནས་མའི་འཕྲོད་བསྟེན་སྐོར་གྱི་པར་རིས་དེབ་ཆུང་ཞིག་དང་བྱིས་པའི་འཕྲོད་བསྟེན་སྐོར་གྱི་པར་རིས་ལག་དེབ་བཅས་དེབ་གཉིས་དམིགས་བསལ་སྐུ་མགྲོན་ Shri Ninong Ering མཆོག་ནས་དབུ་འབྱེད་གནང་ཡོད།
དཔེ་དེབ་དབུ་འབྱེད་ཁག་གྲུབ་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་བོད་མི་མང་སྤྱི་འཐུས་ཀྱི་གསུང་བཤད་གནང་། དེ་ནས་དབུས་གཙང་ཆོལ་ཁ་ནས། བསྟོད་གཞས་སྐལ་བཟང་ཡོད། ཅེས་པ་གཟིགས་འབུལ་ཞུས་པ་མ་ཟད། ཨ་རི་བྱང་ཀེ་ལི་ཕོ་ནི་ཡ་ TANC བོད་རིགས་ཚོགས་པའི་སློབ་མ་བུ་མོ་ལྔ་ནས་འཁྲབ་གཞས་གཟིགས་འབུལ་ཞུས།
དེ་རྗེས་དཔལ་ལྡན་སྲིད་ཚབ་མཆོག་ནས་བཀའ་ཤག་གི་གསུང་བཤད་གནང་རྗེས་མདོ་སྟོད་ཆོལ་ཁ་ནས་རྐྱང་གཞས། མཁའ་ལ་འགྲོ། ཞེས་པ་གཟིགས་འབུལ་ཞུས་བསྟུན། དམིགས་བསལ་སྐུ་མགྲོན་སྐུ་ཞབས་ (Ninong Ering) མཆོག་ནས་གསུང་བཤད་གནང་། གསུང་བཤད་གྲུབ་རྗེས་མདོ་སྨད་ཆོལ་ཁ་ནས། བཀྲིས་གར་གྱི་མཆོད་པ། ཞེས་པ་གཟིགས་འབུལ་ཞུས། དེ་ནས་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཀི་ཤན་ཀ་པུར་ Kishan Kapoor མཆོག་ནས་གསུང་བཤད་གནང་ཡོད་པ་མ་ཟད། སྐུ་མགྲོན་གཙོ་དང་དམིགས་བསལ་སྐུ་མགྲོན་རྣམ་གཉིས་ལ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐོག་ནས་ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་རེ་དཔལ་ལྡན་ཚོགས་གཞོན་མཆོག་ནས་ཕུལ་ཏེ་མཛད་སྒོ་རྒྱལ་ཁའི་ངང་ནས་མཇུག་བསྒྲིལ་ཡོད་པ་བཅས།།