༢༠༡༧ ཟླ་ ༦ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །བྷེལ་ཇམ་བོད་རིགས་ཚོགས་པས་ཤེས་རབ་སྣང་འབྱེད། ཅེས་གཟའ་མཇུག་སློབ་གྲྭ་ཐོག་མར་བཙུགས་ནས་ལོ་བཞི་ཧྲིལ་པོ་འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བྷར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཕེབས་པ་མ་ཟད། དོན་ཁང་གི་དྲུང་ཆེ་མཐུ་སྟོབས་རྣམ་རྒྱལ་ལགས་ལྷན་བཅར་ཞུས་འདུག
དེ་ཡང་མཛད་སྒོའི་ཐོག་མར་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེས་སྔོན་བསུས་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དབྱངས་སུ་གྱེར། མཚམས་དེར་ཚོགས་བཅར་བ་རྣམས་ནས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་སླད་མྱ་ངན་ངག་བཅད་སྐར་མ་གཅིག་རིང་ཞུས་བསྟུན། སློབ་གྲྭའི་རྩིས་ཁྲ་དང་འབྲེལ་ལས་བསྡོམས་ཁག་སྒྲོགས་སྦྱང་གནང་།
དེ་ནས་སློབ་གྲྭའི་དབུ་འཛིན་སྐུ་ཞབས་བྱམས་པ་ལགས་ནས་སློབ་གྲྭའི་ངོ་སྤྲོད་སྙིང་བསྡུས་གནང་དོན། དེ་སྔ་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱས་ཏེ་སློབ་གྲྭ་གསར་འཛུགས་ཐུབ་པ་བྱུང་ཡོད། ད་ལྟའི་ཆར་སློབ་གྲྭ་འདིའི་ཡན་ལག་གཅིག་མི་ཆི་ལེན་ Michilen གྲོང་སྡེའི་ནང་གསར་འཛུགས་ཐུབ་ཡོད། དེ་བཞིན་དེ་སྔ་སློབ་ཕྲུག་གྲངས་ ༧༠ ཡོད་པ་ནས་ད་ལྟའི་ཆར་སློབ་མ་གྲངས་ ༡༣༠ ཡོད་སྟབས་སློབ་མའི་གྲངས་ལྡབ་གཉིས་ཀྱིས་མང་བ་ཆགས་ཡོད། དེར་བརྟེན་སློབ་གྲྭ་འདིའི་གནས་སྟངས་ལ་མཚོན་ན་ཕྱོགས་གང་ས་ནས་ཡར་རྒྱས་འགྲོ་བཞིན་ཡོད་པ་ཧ་ཅང་གསལ་པོ་རེད། ཅེས་གསུང་པ་དང་སྦྲགས་རྒྱུན་ལྡན་བྱེད་སྒོ་ཁག་ངོ་སྤྲོད་གནང་།
དེ་རྗེས་བྷེལ་ཇམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་ལགས་ཀྱིས་ཤེས་རབ་སྣང་འབྱེད་སློབ་གྲྭ་ཐོག་མར་གསར་འཛུགས་གནང་ཕྱོགས་སྐོར་གསུང་དོན། སློབ་གྲྭ་འདི་ནི་ད་བར་བོད་རིགས་ཚོགས་པས་སྟངས་འཛིན་གནང་ཡོད་པ་དང་། སློབ་གྲྭའི་རྒྱུན་གྲོན་ལ་མཚོན་ནའང་འགན་ཚང་མ་བོད་རིགས་ཚོགས་པས་འཁྱེར་བཞིན་ཡོད། ཅེས་གསུངས་པ་དང་སྦྲགས་དགེ་ལས་རྣམས་ཀྱིས་ད་བར་ལྷག་བསམ་ཟོལ་མེད་ཐོག་ཧུར་བརྩོན་གནང་བར་བསྔགས་བརྗོད་ཞུས།
དེ་ནས་བྷར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གསུང་བཤད་གནང་དོན། དེ་རིང་གི་མཛད་སྒོ་དང་བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཤེས་རབ་སྣང་འབྱེད། ཅེས་སློབ་གྲྭའི་མཚན་བྱང་གསོལ་སྩལ་མཛད་པ་འདིའི་གོ་དོན་ཇི་ཡིན་ལེགས་པར་རྟོགས་དགོས། ཚང་མས་ཐུགས་ཁུར་ཆེན་པོས་སློབ་གྲྭ་འདིའི་གལ་གནད་ཐོག་དགོངས་བཞེས་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སློབ་གྲྭའི་སློབ་ཚན་ལ་མཚོན་ནའང་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་ཐོག་ནས་སློབ་འཁྲིད་གནང་བཞིན་ཡོད། ཅེས་དང་། ཡང་ཁོང་ནས་མུ་མཐུད་བོད་པའི་སློབ་ཕྲུག་རྣམས་ཀྱིས་བྷར་སིལ་སློབ་མ་ཚོ་དང་ཤེས་ཡོན་འདྲ་མཉམ་བསླེབ་ཐུབ་དགོས་པ་དང་། དེའི་ཆེད་འབད་བརྩོན་མུ་མཐུད་གནང་གལ་ཆེ་སྐོར་ནན་བརྗོད་གནང་བ་དང་སྦྲགས། ཕ་མ་ཚོས་ཀྱང་ཕྲུ་གུའི་སློབ་སྦྱོང་ཐོག་ཕྱར་གྲུ་མཉམ་འདེགས་ཐོག་འབད་བརྩོན་གནང་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུང་པ་མ་ཟད། སློབ་གྲྭའི་ནང་ལོ་གཉིས་ལྷག་རིང་སློབ་སྦྱོང་དང་ཞབས་ཞུ་བསྒྲུབ་མཁན་ལས་བྱེད་དང་སློབ་མ་ཁག་གཅིག་ལ་ལེགས་གསོལ་ཕྱག་རྟགས་ཕུལ། དེ་ཉིན་གྱི་ཕྱེད་ཡོལ་དུ་སློབ་ཕྲུག་རྣམས་ནས་རིག་གཞུང་གི་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་པ་བཅས།།