༢༠༡༧ ཟླ་ ༦ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པའི་དགེ་ལས་སློབ་ཕྲུག་ཡོངས་ལ་བོད་ཀྱི་ཟློས་གར་ཚོགས་པ་དེ་ཉིད་ཇི་ཙམ་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་བླང་དོར་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཙམ་ལ་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པའི་དགེ་རྒན་དང་ལས་བྱེད། སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༦༠ ཙམ་ཚང་འཛོམས་ཀྱིས་ཐོག་མར་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། སྤྱིར་བོད་ཀྱི་ཟློས་གར་ཚོགས་པ་ནི་ཧ་ཅང་གལ་ཆེན་པོ་ཡིན་ཞིང་། བོད་ཀྱིས་ཟློས་གར་ཚོགས་པ་དེ་སྔོན་སྲོལ་རྒྱུན་གྱི་གཞས་སྣ་ཁྲབ་སྟོན་སོགས་འགྲེམས་སྤེལ་གནང་སྟེ། བོད་ཀྱི་རིག་གནས་དེ་དག་སྲུང་སྐྱོབ་བྱེད་བཞིན་ཡོད།
དེར་བརྟེན་རྣམ་པ་ཚོས་གཞས་སྣ་ཁྲབ་སྟོན་གནང་བ་དེ་དག་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་གཞོན་སྐྱེས་རྣམས་ནས་དོ་དབྱིངས་ཡོད་པའི་ཐོག་དགེ་ལས་སློབ་ཕྲུག་རྣམས་ནས་གཞས་སྣ་སྦྱང་གནང་བ་དེ་དག་ཧ་ཅང་ཡག་པོ་རེད། གང་ལ་ཞེ་ན། ད་ལྟ་གོང་དུ་འགན་འཛིན་གྱིས་གསུངས་པ་ལྟར། རྙིང་པ་ཁ་ཤས་ཟློས་གར་བཞག་ནས་དགོས་པ་རྒྱུ་མཚན་ཞིག་ལ་བརྟེན་ནས་ཕྱིན་པ་ཡིན་ནའང་། གསར་པ་ཕེབས་མཁན་ཚོར་རྒན་པ་ཚོས་ཡག་པོ་བསླབ་ནས་ད་ལྟའི་འཆར་སྤུས་ཚད་ཡག་པོ་འདུག དེར་བརྟེན་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྤུས་ཚད་ཡག་པོ་ཡོད་པ་དེ་དག་མུ་མཐུད་གནས་དགོས་ཀྱི་ཡོད། ང་ཚོའི་དམིགས་ཡུལ་ནི་རྒྱལ་སྤྱིའི་སྟེང་ལ་ངོམས་སུ་ཆོག་པའི་སྤུས་ཚད་བཟོ་རྒྱུར་གང་འདྲ་བྱེད་དགོས་སྐོར་དང་། ངའི་འགན་གཙོ་བོ་ནི་མཐུན་རྐྱེན་སྦྱར་རྒྱུ་དེ་རེད། གཙོ་བོ་དེ་རྣམ་པ་ཚོའི་ཕྱག་ལ་ཡོད་སྟབས་གཞས་སྣ་འཁྲབ་སྟོན་དེ་རྣམ་པ་ཚོས་གནང་དགོས་ཀྱི་ཡོད། དེ་བཞིན་བོད་ཀྱི་ཟློས་གར་ཚོགས་པ་ཕུགས་རྒྱང་རིང་པོ་གནས་ཐུབ་རྒྱུར་གང་བྱེད་དགོས་སྐོར་དང་། གང་འདྲ་བྱས་ནས་ཡར་རྒྱས་གཏང་གི་ཡིན་སྐོར། ཟློས་གར་ཚོགས་པ་གལ་ཆེན་པོ་ཡིན་པར་བརྟེན་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་ནས་གྲུབ་འབྲས་སྨིན་པ་བྱེད་དགོས།
དེ་ནས་ཚོགས་ཁང་གསར་རྒྱག་བྱེད་རྒྱུའི་ལས་གཞི་ཞིག་ཡོད། དེ་བཞིན་ད་ལྟ་གོང་དུ་གསུངས་པ་ལྟར་ཕྱི་ལོ་ ༢༠༡༩ ལོར་བོད་ཀྱི་ཟློས་གར་ཚོགས་པ་བཙུགས་ནས་ལོ་ངོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོོའི་སྐབས་ང་ཚོས་རྒྱལ་སྤྱིའི་རིག་གཞུང་ཚོགས་འདུ་འཚོགས་དགོས་ཀྱི་འདུག སྐབས་དེར་བོད་ཀྱི་རིག་གཞུང་ཐོག་ཞིབ་འཇུག་བྱེད་མཁན་ཁག་ནས་བོད་ཀྱི་རིག་ཞུང་གཏིང་གཟབ་པོ་ག་ཚོད་ཡོད་མེད་ཤེས་ཐུབ་ན་བོད་ཀྱི་ཟློས་གར་ལ་ཆེས་མཐོང་སླེབས་ཀྱི་རེད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐུགས་གཉེས་པོ་ཡོང་རྒྱུར་ང་ཚོས་རིག་པ་སྒྲིམ་ནས་འཆར་གྲུ་མཉམ་འདེགས་བྱེད་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་རྗེས་དྲི་བ་ཁག་ལ་ལན་འདེབས་ཞིབ་ཞིང་རྒྱས་པ་གནང་ཡོད་པ་བཅས། །