༢༠༡༧ ཟླ་ ༦ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༨ རེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ཚོགས་གཞོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག ཚོགས་དྲུང་ཆོས་རིག་དྲུང་ཆེ་ལུང་རྟོགས་ལགས། ཚོགས་མི་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་བཅས་དབུ་བཞུགས་ཐོག ལས་རིམ་གྱི་ཐོག་མར་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་ངོ་སྤྲོད་གནང་བསྟུན། དུས་དབང་ཐེངས་ ༣༤ གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་མཆོག་ནས་དུས་འཁོར་དབང་ཆེན་ཐེངས་ ༣༤ པའི་མཐའ་བསྡོམས་རྩིས་ཁྲ་སོགས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྤེལ་དོན།
དུས་འཁོར་དབང་ཆེན་ཐེངས་ ༣༤ པའི་མཐའ་བསྡོམས་རྩིས་ཁྲ་དང་། གསལ་བཤད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩལ་ཐེངས་ ༣༤ པ་དེ་བཞིན་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢ ནས་ ༡༤ བར་བཀའ་དྲིན་ཆེ་སྨིན་བྱུང་ཞིང་། ཐེངས་དེའི་དབང་ཆེན་གྱི་ཐོག་མཐའ་བར་གསུམ་དང་གང་ས་ཅི་ཐད་ནས་ལོ་རྒྱུས་རང་བཞིན་ལྡན་པ་དང་ཚང་མ་དགའ་སྤོབས་གནང་འོས་ལེགས་འགྲིག་བྱུང་ཡོད་པ་ནི། གཙོ་བོ་སློབ་དཔོན་རྡོ་རྗེ་འཆང་༸གོང་ས་༸སྐྱབས་མགོན་ཆེན་པོ་ཉིད་ཀྱི་ཐུགས་རྗེའི་བྱིན་མཐུ་དང་། གཞུང་བསྟེན་ཆོས་སྲུང་གི་གདོང་གྲོགས། གོ་སྒྲིག་འགན་འཁུར་བ་འགོ་ལས་ཡོངས་ཀྱི་ལྷག་བསམ་དང་འབད་བརྩོན་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༤ ཉིན་དབང་ཆེན་ལེགས་གྲུབ་ཀྱི་མཐའ་བསྡོམས་མཛད་སྒོ་གནང་བའི་ཐོག་ཡོངས་ཁྱབ་གསལ་བསྒྲགས་སྤེལ་དོན་བཞིན་ཐེངས་དེའི་དབང་ཆེན་དང་འབྲེལ་བའི་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲའི་མཐའ་བསྡོམས་གནས་སྟངས་རྗེས་སུ་གསལ་བསྒྲགས་ཞུ་རྒྱུ་ཞུས་པ། ད་ལམ་གསར་འགོད་ལྷན་ཚོགས་འདི་བརྒྱུད་ནས་གསལ་བསྒྲགས་ཞུ་རྒྱུ་གཤམ་གསལ།
༡༽ གསལ་བསྒྲགས་འདི་སྤེལ་རྒྱུར་ད་བར་འགོར་གཞི་བྱུང་རྐྱེན་ནི། དངུལ་ཁང་བརྒྱུད་ཞལ་འདེབས་བྱུང་ཁག་ཅིག་གི་ཞིབ་གནས་རྩད་གཅོད་བྱ་རྒྱུ་དང་། ད་སྔོན་སོང་འཆར་གྱི་ངོ་བོར་ཡོད་པའི་འགྲོ་གྲོན་ཁག་ཅིག་གི་སོང་ཁྲ་ངོ་མ་རྒྱ་བལ་འབྲུག་གསུམ་གྱི་ས་གནས་སོ་སོ་ནས་འབྲེལ་ཡོད་ལས་ཁུངས་བརྒྱུད་འབུལ་འབྱོར་དགོས་པ་དངོས་འབྲེལ་རྒྱུ་མཚན་ཅི་རིགས་ལ་བརྟེན་ནས་ཕྲན་བུ་འབུལ་འགྱངས་བྱུང་བ། བྱུང་སོང་ཁ་འཐབ་ཀྱི་དངུལ་ལྷག་ཇི་ཐོན་ངེས་མཚམས་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་སྔོན་བསྩལ་རྩ་འཛིན་ལམ་སྟོན་གྱི་འབྲུ་དོན་ལྟར་བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་རྩ་ཁོ་ནར་སྨིན་གཏོང་གནང་ཕྱོགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྙན་གསེང་དང་འབྲེལ་ཐག་གཅོད་གཏན་འབེབས་གནང་དགོས་པའི་བརྒྱུད་རིམ་བཅས་ལ་བརྟེན་ནས་བྱུང་སོང་།
༢༽ གོང་གསལ་ཐེངས་ ༣༤ པའི་དུས་འཁོར་དབང་ཆེན་གྱི་ཆེད་མཐའ་བསྡོམས་ཡོང་འབབ་དངུལ་འབོར་དངོས་སུ་བྱུང་བ་ཧིན་སྒོར་ ༣༠༣,༦༤༡,༠༣༤ (ས་ཡ་སུམ་བརྒྱ་གསུམ་དང་དྲུག་འབུམ་བཞི་ཁྲི་ཆིག་སྟོང་བརྒྱ་མེད་སུམཅུ་སོ་བཞི་) དང་། མཐའ་བསྡོམས་འགྲོ་གྲོན་དངུལ་འབོར་དངོས་སུ་སོང་བ་ཧིན་སྒོར་ ༢༧༢,༦༩༢,༥༩༩ (ས་ཡ་ཉིས་བརྒྱ་བདུན་ཅུ་དོན་གཉིས་དང་དྲུག་འབུམ་དགུ་ཁྲི་ཉིས་སྟོང་ལྔ་བརྒྱ་དགུ་བཅུ་གོ་དགུ་) བྱས་འདུག་པ་དང་། མཐའ་བསྡོམས་བྱུང་སོང་ཁ་འཐབ་རྗེས་ལྷག་བསྡད་ཧིན་སྒོར་ ༣༠,༩༤༨,༤༣༥ (ས་ཡ་སུམཅུ་དང་དགུ་འབུམ་བཞི་ཁྲི་བརྒྱད་སྟོང་བཞི་བརྒྱ་སུམ་ཅུ་སོ་ལྔ་) བྱས་འདུག གོང་གསལ་མཐའ་བསྡོམས་བྱུང་སོང་དངུལ་འབོར་དང་གསལ་བསྒྲགས་སྔ་མའི་ཚོད་རྩིས་བྱུང་སོང་དངུལ་འབོར་དབར་བར་ཁྱད་ཕྲན་བུ་ཕྱིན་ཡོད་པ་ནི། གསལ་བསྒྲགས་སྔ་མའི་ནང་གསེས་དངུལ་འབོར་ཁག་ཅིག་ཡོང་བསྡད་དང་སོང་འཆར་གྱི་ངོ་བོར་ཡོད་པ་དང་། ཕྱི་དངུལ་གྱི་ཛ་ཐང་ཐོག་མའི་ཚོད་རྩིས་ལྟར་མ་གནས་པ་བཅས་ཀྱི་དབང་གིས་བྱུང་འདུག།
༣༽ གོང་གསལ་དངུལ་ལྷག་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་སྔོན་བསྩལ་རྩ་འཛིན་ལམ་སྟོན་ཇི་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་༸སྙན་གསེང་དང་འབྲེལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་རྩར་གཤམ་གསལ་ལྟར་སྨིན་གཏོང་བགོ་འགྲེམས་གནང་གཏན་འཁེལ་ཡོད།
༣་༡ བོད་བརྒྱུད་ནང་བསྟན་གྱི་རྟེན་གཞི་བྱེས་ཁྲོད་རིས་མེད་དགོན་སྡེ་ཁག་གི་དཔེ་འཁྲིད་དགེ་རྒན་དང་སློབ་གཉེར་བ་མང་པོ་མཆིན་པའི་གཉན་ཚད་ལ་བརྟེན་ནས་དུས་མིན་རྐྱེན་འདས་ཤོར་བའི་གནས་ཚུལ་ཐོན་དང་འཐོན་བཞིན་པ་སོགས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མཆིན་པའི་གཉན་ཚད་སྔོན་འགོག་དང་སྨན་བཅོས་ཚད་ལྡན་ཐུབ་སླད་འཕྲོད་བསྟེན་ལས་ཁུངས་ནས་ཛ་དྲག་ལས་གཞི་སྤེལ་རྒྱུའི་མ་དངུལ་ཆེད་ཧིན་སྒོར་ ༡༠,༠༠༠,༠༠༠ (ས་ཡ་བཅུ་ཐམ་པ་) གནང་རྒྱུ།
༣་༢ ནང་སྲིད་ལས་ཁུངས་ཀྱི་གཟིགས་སྐྱོང་འོག་ཡོད་པའི་རྒས་གསོ་ཁང་རྣམས་ཀྱི་ནང་ཆས་གསར་བཟོའི་འགྲོ་སོང་ཆེད་འཆར་རྩིས་ཟུར་འབྱོར་ལྟར། ཧིན་སྒོར་ ༤,༩༨༠,༡༥༠ (ས་ཡ་བཞི་དང་དགུ་འབུམ་བརྒྱད་ཁྲི་སྟོང་མེད་བརྒྱ་དང་ལྔ་བཅུ་ཐམ་པ) གནང་རྒྱུ།
༣་༣ མ་སུ་རི་བོད་ཁྱིམ་སློབ་གྲྭའི་རོགས་ཚོགས་གཙོ་བོ་ sos ནས་གློ་བུར་སློབ་ཡོན་རོགས་དངུལ་གནང་མཚམས་བཞག་པ་ལ་བརྟེན་ནས་གཞི་རིམ་སློབ་ཐོན་པ་མང་པོར་མཐོ་རིམ་སློབ་ཡོན་སྤྲོད་དམིགས་མེད་པའི་ཛ་དྲག་དཀའ་ངལ་སེལ་སླད། ཧིན་སྒོར་ ༤,༠༠༠,༠༠༠ (ས་ཡ་བཞི་) གནང་རྒྱུ།
༣་༤ བཞུགས་སྒར་དུ་ལོ་ལྟར་ས་གནས་ཧིན་བོད་མཛའ་ཚོགས་སོགས་ས་གནས་ཡུལ་མིའི་ཚོགས་སྡེ་ཁག་ཅིག་ནས་ཧི་མཱ་ལ་ཡའི་དུས་སྟོན་ (Himalayan Festival) ཞེས་པ་གོ་སྒྲིག་གནང་བཞིན་ཡོད་པ་དེར་བོད་མིའི་སྒྲིག་འཛུགས་ནས་ཡུལ་མིར་མཐུན་འབྲེལ་དང་རིག་གཞུང་མཉམ་འབྲེལ་ལ་དམིགས་ཏེ་དུས་སྟོན་དེའི་འགྲོ་གྲོན་ཐོག་རོགས་སྐྱོར་གང་འཚམས་རེ་ནང་སྲིད་ལས་ཁུངས་བརྒྱུད་གནང་མུས་ཡིན་པ་དེའི་མ་དངུལ་ཆེད། ཧིན་སྒོར་ ༢,༠༠༠,༠༠༠ (ས་ཡ་གཉིས་) ནང་སྲིད་ལས་ཁུངས་ལ་གནང་རྒྱུ།
༣་༥ ལྡེ་ར་ལྡུན་ཁྱབ་ཁོངས་རཱཇ་པུར་ལ་རྟེན་གཞི་བྱེད་པའི་མྱོས་རྫས་ངན་གོམས་བཅོས་ཐབས་ཁང་ཞི་བདེ་ཁང་གསར་ཞེས་པ་དེར་བོད་རིགས་ན་གཞོན་ཁག་ཅིག་ཡོད་པ་ཁོང་ཚོའི་འཚོ་གོས་གནས་སྟངས་ཧ་ཅང་ཞན་པོ་ཡོད་གནས་དངོས་སུ་ར་འཕྲོད་བྱུང་འདུག་པས། ཁོང་ཚོར་གྱོན་ཆས་གསར་ཉོ་སོགས་གཟིགས་རྟོག་ཇི་དགོས་ཆེད་འཕྲོད་བསྟེན་ལས་ཁུངས་བརྒྱུད་རོགས་སྐྱོར་ཧིན་སྒོར་ ༣༥༠,༠༠༠ (སུམ་འབུམ་ལྔ་ཁྲི་ཐམ་པ་) ཞི་བདེ་ཁང་གསར་ལ་གནང་རྒྱུ།
༣་༦ རྒྱ་གར་བྱང་རྒྱུད་གཞིས་ཆགས་ཆུང་ཁག་ཅིག་ཏུ་མང་ཚོགས་ནས་བསྟན་སྲིད་སྤྱི་རིམ་ཆེད་ལོ་ལྟར་ཆག་མེད་ མ་ཎི་དུང་སྒྲུབ་གསོག་སྒྲུབ་ཞུ་བཞིན་ཡོད་རུང་། དེ་ལྟར་བྱ་རྒྱུར་མཐུན་རྐྱེན་དང་འགྲོ་གྲོན་གྱི་དཀའ་ངལ་ཅི་ཆེ་ཡོད་གནས་དངོས་སུ་ར་འཕྲོད་བྱུང་འདུག་པས། མང་ཚོགས་ཁྲོད་ནས་གལ་ཆེའི་སྤྱི་རིམ་དེ་དག་མུ་མཐུད་རྒྱུན་སྐྱོང་ཐུབ་སླད། ཆོས་རིག་ལས་ཁུངས་བརྒྱུད་ཚོགས་སྡེ་དེ་དག་ལ་རོགས་དངུལ་ཧིན་སྒོར་ ༥༩༣,༨༤༠ (ལྔ་འབུམ་དགུ་ཁྲི་སུམ་སྟོང་བརྒྱད་བརྒྱ་བཞི་བཅུ་ཐམ་པ་) བགོ་འགྲེམས་གནང་རྒྱུ་བཅས་སུ་ཐག་གཅོད་གནང་འདུག།
༤༽ གོང་གསལ་བྱུང་སོང་བསྡད་གསུམ་གྱི་མཐའ་བསྡོམས་རྩིས་ཁྲར་རིང་མིན་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་ནས་རྩིས་ཞིབ་ཡོང་རྒྱུའང་། རང་རིགས་མང་ཁྲོད་ནས་གོང་གསལ་རྩིས་ཁྲ་དང་དེ་འབྲེལ་དན་རྟགས་ ཡིག་ཆ་སོགས་ལ་ཞིབ་གཟིགས་གནང་འདོད་ཡོད་མཁན་ཡོད་ཚེ། དབང་ཆེན་ལེགས་གྲུབ་ཀྱི་མཛད་སྒོའི་ཐོག་གསལ་བསྒྲགས་སྤེལ་དོན་བཞིན། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༤ གོང་ཚུད་འདི་གར་འབྲེལ་སྐྱོང་ཆོག་རྒྱུ།
༥༽ ཐེངས་ ༣༤ པའི་དུས་འཁོར་དབང་ཆེན་གྱི་གོ་སྒྲིག་ལས་དོན་དང་འབྲེལ་བའི་དོན་གནད་ཁག་ཅིག་ཐད་དོགས་པ་སྔོན་བསུའི་ཚུལ་དང་མང་ཚོགས་ཀྱི་མཁྱེན་རྟོགས་སླད་གསལ་བཤད་ཞུ་འོས་མཐོང་བ་གཤམ་གསལ།
༥་༡ ཐེངས་སྔ་མའི་དུས་འཁོར་དབང་ཆེན་རྣམས་དང་། ཐེངས་ ༣༤ པའི་དུས་འཁོར་དབང་ཆེན་གྱི་ལས་དོན་གྲ་སྒྲིག་འགན་འཁུར་གནང་ཕྱོགས་ལ་མི་འདྲ་བའི་ཁྱད་པར་ཆེ་ཙམ་བྱུང་ཡོད། ཐེངས་སྔ་མ་རྣམས་ཀྱི་གོ་སྒྲིག་འགན་དབང་ཆ་ཚང་ཐེངས་སོ་སོའི་གོ་སྒྲིག་ཚོགས་ཆུང་ངམ་སྦྱིན་བདག་ཚོགས་ཆུང་ལ་ཡོད་པ་དང་། ཐེངས་ ༣༤ པའི་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་གཙོ་བོ་དང་གོ་སྒྲིག་འགན་འཁུར་ཡོངས་རྫོགས་བོད་མིའི་སྒྲིག་འཛུགས་ནས་གཞུང་འབྲེལ་གྱིས་གནང་རྒྱུ་གནང་ཡོད་པར་བརྟེན། དེའི་གོ་སྒྲིག་འགན་དབང་ཆ་ཚང་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་བཀའ་ཤག་ཐོག་བབས་པ་ལྟར་ཕྱག་བསྟར་བྱུང་ཡོད།
༥་༢ ཐེངས་ ༣༤ པའི་དུས་འཁོར་དབང་ཆེན་གྱི་ལས་དོན་གྲ་སྒྲིག་ཞུ་སྒོ་མཐའ་དག་༸རྒྱལ་བའི་བཞེད་དགོངས་བཞིན་ཡོང་ཐབས་དང་། ལྷག་པར་ཆོས་ཞུ་བའི་མང་ཚོགས་ལ་གང་ས་ཅི་ཐད་ནས་དཀའ་ངལ་རིགས་མི་ཡོང་བའི་སླད་དུ་གྲ་སྒྲིག་ལས་དོན་གྱི་འགྲོ་སོང་འཆར་འགོད་སྐབས་ཧ་ཅང་ཁོག་ཡངས་དཀྱེལ་ཆེ་གནང་སྟེ། འགྲོ་ གྲོན་འཆར་རྩིས་འདང་ངེས་བཀའ་འཁྲོལ་གནང་ཡོད་པ་མ་ཟད། མི་མང་སྡོད་གུར་སོགས་ཀྱི་རིན་བབས་ཐོག་བརྒྱ་ཆ་ ༢༥ ནས་ ༥༠ བར་ཆག་ཡང་གནང་བ་དང་། བོད་མི་རྒན་རྒོན་དང་ནད་གཅོང་ཉམ་ཐག་རིགས་ཆིག་སྟོང་ལྷག་ཙམ་ལ་དུས་འཁོར་དབང་ཆེན་ཞུ་རྒྱུའི་འགྲོ་གྲོན་ནར་གཏོང་གནང་ཡོད། དེ་བཞིན་ལས་དོན་རྣམས་ ཚགས་ཚུད་འཐུས་ཚང་ཡོང་སླད། སྒྲིག་འཛུགས་ཀྱི་དྲུང་ཆེ་དྲུང་འཕར་སོགས་ཀྱི་འགོ་འདོམས་འོག་ལས་དོན་ཚོགས་ཆུང་ཁག་མང་ཟུར་འཛུགས་དང་། ཚོགས་ཆུང་དེ་དག་ཏུ་ལས་བྱེད་རྒན་གཞོན་གོ་འཕེར་ ༡༣༠ ལྷག་གིས་དུས་ཡུན་ཉིན་གྲངས་ ༢༠ ནས་ ༩༠ བར་རིང་ཉིན་མཚན་ལྟོས་མེད་ཧུར་བརྩོན་ཆེ་བསྐྱེད་ཞུས་ཡོད།
༥་༣ འགྲོ་གྲོན་ཐད་ཡོན་བདག་ཟུར་ཡོད་ཁག་ནས་བསྡུ་དངུལ་ཇི་བྱུང་ཐོག་ཆོས་ཞུ་བ་མང་ཚོགས་ནས་ཞལ་འདེབས་ཇི་བྱུང་གིས་འདུམས་ན་རབ་དང་། དེ་དག་གིས་མ་འདུམས་ཚེ་འགྲོ་གྲོན་འཕར་མ་ཇི་དགོས་བོད་མིའི་སྒྲིག་འཛུགས་རང་ནས་བསྒྲུབ་རྒྱུའི་འགན་ལེན་གཙང་མ་ཞུས་ཡོད་པ་དང་། ལྷག་པར་དབང་ཆེན་གྱི་གོང་ཙམ་དུ་བོད་ནས་ཆོས་ཞུ་བ་ཡོང་རྒྱུར་བཀག་སྡོམ་བྱུང་བ་དང་། གློ་བུར་རྒྱ་གར་གྱི་ཆིག་སྟོང་དང་ལྔ་བརྒྱའི་དངུལ་ལོར་འགྲོ་རྒྱུགས་མི་ཆོག་པ་བཟོས་པ་ལ་བརྟེན་ནས་འགྲོ་གྲོན་ཐོག་དཀའ་ངལ་ཆེན་པོ་འཕྲད་ངེས་ལྟ་བུའི་གནས་སྟངས་ལྷགས་ཡོད་ཀྱང་། འགྲོ་སོང་གཏོང་སྒོ་སྤྱི་དང་བྱེ་བྲག་འདུས་ཚོགས་སུ་བསྙེན་བཀུར་ཞུ་སྒོ་སོགས་རྒྱུན་སྲོལ་ལྟར་ཞུ་ཐུབ་ཡོད་པ་མ་ཟད། འགྲོ་གྲོན་ཡོངས་རྫོགས་འདུམས་རྗེས་དངུལ་ལྷག་ཀྱང་གང་འཚམས་ཐོན་ཡོད་པ་ནི། རྟེན་འབྲེལ་བསླུ་མེད་དང་སློབ་དཔོན་རྡོ་རྗེ་འཆང་གི་ཐུགས་རྗེ་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་ཡིད་ཆེས་བརྟན་པོ་ཞུ་བཞིན་ཡོད། མཐའ་བསྡོམས་འགྲོ་སོང་གི་བརྒྱ་ཆ་ ༢༩ ལྷག་ཙམ་ཡོན་བདག་ཁག་གི་བསྡུ་འབབ་ཁོངས་ནས་དང་། དེ་འཕྲོས་བརྒྱ་ཆ་ ༧༠ ལྷག་ཙམ་དད་ལྡན་ཆོས་ཞུ་བ་མང་ཚོགས་ཀྱི་ཞལ་འདེབས་ཁོངས་ནས་བྱུང་འདུག།
༥་༤ ཐེངས་ ༣༤ པའི་དུས་འཁོར་དབང་ཆེན་གྱི་གོ་སྒྲིག་ཚོགས་ཆུང་ནི། ཕྱི་ལོ་ ༢༠༡༤ ལོར་སྐབས་བཅུ་བཞི་པའི་བཀའ་ཤག་གིས་བསྐོ་འཛུགས་གནང་བ་ཞིག་ཡིན་ཞིང་། ཚོགས་ཆུང་དེའི་ཚོགས་མིར་བཀའ་བློན་གསུམ་དང་། དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ཚབ་གཅིག རྣམ་རྒྱལ་གྲྭ་ཚང་གི་མཁན་པོ། རྡོ་རྗེ་གདན་མཆོད་རྟེན་རིན་པོ་ཆེ་འཛིན་སྐྱོང་གི་འགན་འཛིན་དྲུང་ཆེ། བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་གསུམ་དང་དྲུང་ཆེ་ལས་ཚབ་གཅིག་བཅས་ཡོད་ཅིང་། དེ་དག་གི་ཁྲོད་ནས་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ཚབ་དང་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་རྣམ་གཉིས་ནི་གཙོ་བོ་ཆོས་ཕྱོགས་ཀྱི་བྱེད་སྒོའི་ཐོག་སློབ་སྟོན་གནང་མཁན་ཡིན།
༥་༥ ད་བར་གོ་སྒྲིག་ཚོགས་ཆུང་གི་ཚོགས་འདུ་སྔ་ཕྱི་བསྡོམས་ཐེངས་ ༡༥ འཚོགས་ཡོད་ཅིང་། ཚོགས་འདུའི་གྲོས་གཞི་ཁག་ལ་གྲོས་བསྡུར་ཞིབ་ལྷུག་དང་འབྲེལ་སྤྱི་མོས་སམ་མང་མོས་ཐོག་ནས་ཐག་གཅོད་བྱུང་ཡོད་པ་དང་། ཚོགས་ཆུང་གིས་ཐག་གཅོད་མ་ཐུབ་རིགས་བཀའ་ཤག་ལ་གོང་ཞུ་བྱས་ཡོད། བཀའ་ཤག་ནས་ཚོགས་ཆུང་ལ་བཀའ་ཁྱབ་ལམ་སྟོན་ཇི་ཕེབས་ལ་ཀ་ཀོར་མེད་པར་ལག་བསྟར་ཞུས་ཡོད། མདོར་ན། ཐེངས་ ༣༤ པའི་དུསའཁོར་དབང་ཆེན་གྱི་ལས་དོན་ཞུ་སྒོ་མཐའ་དག་ཁྲིམས་སྒྲིག་འགྲོ་ལུགས་དང་ཡོངས་སུ་མཐུན་ཞིང་། བྱ་སྤུ་གནོན་གྱི་གོ་རིམ་དང་ལྡན་པ། མང་ཚོགས་ཞབས་ཞུའི་ལས་དོན་རྣམས་ཀྱང་གནད་དུ་སྨིན་པ་བྱུང་ཡོད་ཅེས་དགའ་སྤྲོ་དང་སྤོབས་པ་ཆེན་པོས་ཞུ་འདོད་བྱུང་། དེ་དང་ཆབས་གཅིག་ད་ལམ་གོ་སྐབས་འདི་བརྒྱུད་ནས་ཐེངས་ ༣༤ པའི་དུས་འཁོར་དབང་ཆེན་གྱི་གྲ་སྒྲིག་འགན་འཁུར་གནང་མཁན་དབུ་ལས་ཡོངས་དང་། ལྷག་པར་དངོས་སུ་ལས་དོན་འགན་འཁུར་གནང་མཁན་ཚོགས་ཆུང་ཁག་གི་འགན་འཛིན་དང་ལས་བྱེད་རྣམ་པ། དང་བླངས་ཚོགས་སྡེ་ཁག་གི་འགོ་ལས་རྣམ་པ་བཅས་ཚང་མར་ལེགས་སོའི་བསྔགས་བརྗོད་དང་འབྲེལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན་པ་བཅས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་བསྩལ་བའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པའི་གོ་སྒྲིག་ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༨ ལ་སྤེལ།། །།
དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ བྱུང་སོང་ལྷག་བསྡད་གསུམ་གྱི་རྩིས་ཁྲ་དཔལ་འབྱོར་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་སྒྲོགས་སྦྱང་ཞུས་པ་ཁག་གཤམ་གསལ།