༢༠༡༠ ཟླ་ ༡༡ ཚེས་ ༦ རེས་གཟའ་སྤེན་པ།
ཤར་ཕྱོགས་ཁུག་རྟ།
༄༅། །ཀྲུང་གོའིི་བོད་ལྗོངས་དྲ་བ་ཞེས་པར་ ༢༠༠༩ ཟླ་ ༣ ཚེས་ ༦ ཉིན་བུན་པེ་ཧྲི་ཟེར་བ་ཞིག་གིས་༸གོང་ས་མཆོག་ནས་བོད་ཀྱི་རིག་གནས་རྩ་མེད་གཏོང་གི་འདུག་ཟེར་བ་ནི་དོན་དངོས་རྒྱབ་བསྐྱུར་གྱི་ཁུངས་མེད་གཏམ་འཆལ་ཞིག་རེད་ཅེེས་པའི་རྩོམ་ཡིག་ཞིག་བྲིས་ཡོད་ལ། དེའི་ནང་ཁོང་གིས་ལོ་ ༥༠ རིང་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དར་རྒྱས་བྱུང་བ་དང་འབྲེལ་ཆོས་དད་རང་མོས་ལ་བརྩི་བཀུར་གང་ལེགས་ཐོབ་ཡོད་པར་བཤད་འདུག རིག་གནས་ངོས་འཛིན་གནང་ཕྱོགས་ཐད་སྐུ་ཞབས་བུན་པེ་ཧྲི་དང་ཁོ་བོ་གཞི་མཐུན་མེད་ས་ཞིག་ནི་ནང་དོན་རིག་པ་རེད། ནང་དོན་རིག་པ་དང་བོད་པའི་འབྲེལ་བ་ནི་ལོ་རྒྱུས་ཙམ་ཞིག་མིན་ལ། དེ་ནི་མི་ཞིག་ལ་མཚོན་ན་དེའི་གཟུགས་པོ་གྲུབ་བྱེད་ཤ་ཁྲག་གི་འབྲེལ་བ་ལས་ཀྱང་ཟབ་པས། སྐུ་ཞབས་བུན་པེ་ཧྲིས་བོད་ཀྱི་ནང་དོན་རིག་གནས་ཐད་དཔྱད་གླེང་སྤེལ་དུས་ཤེས་ཡོན་ཅན་གྱི་རང་ཚུགས་ཤོར་འདུག་པ་ང་ཚོས་མཐོང་གསལ་རེད། དེ་ནི་ཁོང་གིས་ནང་དོན་རིག་གནས་ཆོས་ལུགས་ཙམ་གྱི་ངོ་བོ་ཁོ་ནར་འཇོག་ཅིང་། ཆོས་དད་རང་མོས་ནི་ལམ་སྲོལ་ཙམ་ལ་ལྟ་བ་དེ་རེད། རིག་གནས་གང་ཞིག་མི་རིགས་ཀྱི་ཁྲག་རྩར་འདྲེས་མིན་དང་། རིག་གནས་དེས་མི་རིགས་དེ་འཚོ་ཞིང་གནས་བར་བྱེད་ཐུབ་མིན་གྱིས་མི་རིགས་རིག་གནས་ཞེས་འཛམ་གླིང་ཀུན་གྱིས་འབོད་ནའང་། བོད་ཀྱི་ནང་དོན་རིག་གནས་ཀྱིས་བོད་མི་རིགས་ཙམ་མ་ཟད་སེམས་ལྡན་ཡོངས་ལ་བདེ་སྐྱིད་སྤྲོད་ཐུབ་པ་ནི། དུས་རབས་གསར་པའི་དཔལ་འབྱོར་འགྲན་རྩོད་ཀྱི་རྦ་རླབས་འཁྲུག་པོའི་ནང་སྔོན་ཐོན་མི་རིགས་སུ་འབོད་པ་དག་གིས་བོད་ཀྱི་ཁྱད་ནོར་དུ་བགྲང་སྟེ་སློབ་སྦྱོང་བྱེད་པ་ནི། རིག་པ་ཡང་དག་གིས་དཔྱད་ནས་མཐོང་བའི་གནས་ལུགས་གང་ཞིག་དུས་གསུམ་དུ་དོན་ལ་གནས་པ་ཡིན་པས་རེད་ལ། ད་དུང་ནང་པའི་ལྟ་གྲུབ་བྱུང་ཡུལ་རྒྱ་གར་རང་ཉིད་གཙོས་ནང་པའི་ལུང་པ་ཀུན་ལས། དེའི་གཞུང་ལུགས་སློབ་སྦྱོང་འཐུས་ཚང་བྱེད་ཐུབ་པའི་བརྒྱུད་ལམ་ཡག་ཤོས་ནི་བོད་ཀྱི་སྐད་ཡིག་ཁོ་ན་ཡིན་པ་ནི་ཉིད་ཀྱིས་གསུངས་པ་ལྟར་དངོས་གནས་རང་དོན་དངོས་རྩོད་ཐབས་བྲལ་བ་ཞིག་ཡིན་པ་གསལ་པོ་རེད།བོད་ལ་དམིགས་བསལ་དུ་འཁྲི་བའི་ནང་དོན་རིག་གནས་མི་ཉམས་རྒྱུད་འཛིན་ཡོང་ཕྱིར། སྐུ་ཞབས་བུན་པེ་ཧྲིས་མཚན་ཉིད་རྩོད་པ། དབང་བསྐུར་བ། སྒོམ་སྒྲུབ། རྒྱུགས་ལེན་གྱི་ཚད་གནས་སྤྲོད་པའི་བྱེད་སྒོ་རྒྱུན་གཏན་ངང་སྤེལ་ཡོད་ཟེར། ནང་དོན་རིག་གནས་ལ་སློབ་སྦྱོང་བྱས་མྱོང་བ་ཁོ་བོ་ལྟ་བུ་ཞིག་ཡིན་ནའང་། གོང་གི་གནད་དོན་འདི་དག་གལ་ཆེན་པོར་རྟོགས་ཐུབ་ཀྱི་ཡོད་མོད། རྒྱ་གཞུང་གིས་འདི་དག་ལ་འགན་ལེན་ཁྱོན་ནས་བྱས་མྱོང་མེད། རིང་བོའི་དུས་ནས་བཤད་ན་ངས་ཡིག་འབྲུ་ཁྲི་བདུན་བསྐྱར་འབྲི་བྱེད་དགོས་པ་ཆགས་ཀྱི་རེད། ཉེ་བའི་ཆ་ནས་བཤད་ན། ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་བོད་མིའི་ཞི་རྒོལ་རྗེས། སེ་འབྲས་དགའ་གསུམ་དུ་ནང་དོན་རིག་གནས་ཟུརསྦྱོང་བྱེད་བཞིན་པའི་མདོ་ཁམས་ཕྱོགས་ཀྱི་གྲྭ་པ་རྣམས་སྡེབས་ཏེ་བཙན་ཁྲིད་བྱས་ཡོད་ལ། ཁོང་ཚོས་རང་གི་རིག་གནས་སློབསྦྱོང་བྱེད་འདུན་བཀག་པའི་མ་ཚད་མང་པོ་ཞིག་ལམ་བར་ནས་བསད་པ་དང་། རེ་འགའ་གར་སོང་ཆ་མེད་དུ་གྱུར་ཡོད། དེའི་ནང་ནས་དཔེ་མཚོན་ཙམ་ཞུས་ན། སྐྱེས་ཡུལ་ཨ་མདོ་རེབ་གོང་རྒྱལ་བོ་ཀླུ་ཆུ་ཡིན་པ། རང་ལོ་ ༢༢ སོན་པའི་རྫོང་དཀར་དགོན་པའི་གྲྭ་འཇིགས་མེད་རྒྱ་མཚོ་ན་གོར་མོའི་བཙོན་ཁང་དུ་ ༢༠༠༨། ༦། ༢༢། ཉིན་ནག་ཉེས་གང་ཡང་མེད་པར་དམར་གསོད་བཏང་ཡོད། ཁོང་གི་གཅེན་པོ་དང་ཕ་མ་གཉིས་ཀྱིས་རླངས་འཁོར་ཆེད་གླས་ཀྱིས་གོར་མོར་སླེབས་ཀྱང་། རས་དཀར་བོ་ཁྲག་ཐིག་ཅན་བཀབ་པའི་སྐུ་ཕུང་ལ་ཁོང་གི་ནང་མིས་ཐེངས་གཅིག་མཇལ་ཆོག་པར་མིག་ཆུ་ཤམ་ཤམ་གྱིས་དམག་མིའི་རྐང་པར་འཇུས་ནས་ཞུ་བ་ག་ཚོད་འཐེན་ཡང་། རྒྱ་གཞུང་གི་དམག་མིས་ཁོང་ཚོར་རྐང་པས་གཞུས་ནས་ཕར་དེད་པ་རེད། སྐུ་ཕུང་ལ་གཅར་རྡུང་གདུག་རྩུབ་ཀྱི་རྨ་ཤུལ་ཡོད་ནའང་། ང་ཚོར་ཐེངས་གཅིག་སྐུ་ཕུང་སྟོན་རོགས་གནང་ཞེས་འདས་པོའི་ཨ་མས་སྐད་ཆེན་པོས་ངུ་ངག་གི་གནམ་ས་སྦྲེལ་ཡང་། བོད་མི་མི་རུ་མི་བརྩི་བའི་རྒྱ་གཞུང་གི་བྱེད་སྟངས་ཕུང་པོ་དུར་བསྲེགས་མཁན་གྱི་དམག་མི་དེས་མཐོང་ནས་ཁོང་གིས་ལྐོག་ན་མིག་ཆུ་འཕྱི་བ་གཅེན་པོས་མཐོང་འདུག མཐའ་མར་ཁོང་ཚོས་རུས་ཐལ་སྤར་མོ་གང་ཁྱེར་ནས་ཕྱིར་ལོག་པ་རེད།
བོད་ཀྱི་ས་ཁུལ་སོ་སོའི་གྲྭ་བཙུན་ཚོས་སློབ་གཉེར་གང་འཚམས་བྱས་རྗེས། སེ་འབྲས་དགའ་གསུམ་གཙོས་གྲུབ་མཐའ་སོ་སོའི་གྲྭ་ཚང་ཆེ་སར་སློབ་གཉེར་གྱིས་གཞུང་ལུགས་ལ་གོ་བ་རྣལ་མ་ལོན་ཐབས་དང་། མཚན་ཉིད་རྣལ་མ་ཞིག་རྩོད་རྒྱུར་བོད་མི་ཡོངས་ནས་རྩ་ཆེན་པོར་བརྩིས་ཏེ་དེའི་ལམ་སྲོལ་ལའང་ལོ་བརྒྱ་ཕྲག་མང་པོ་ཕྱིན་ཡོད། བོད་ཀྱི་མཁས་གྲུབ་མང་པོ་ལམ་སྲོལ་འདི་བརྒྱུད་ཐོན་པ་ཞིག་ཡིན་ནའང་། དེང་དུས་རྒྱ་གཞུང་གིས་ཁོང་ཚོར་ནང་དོན་རིག་པའི་གཞུང་ལུགས་ལ་སློབསྦྱོང་འཐུས་ཚང་ཞིག་བྱེད་པའི་གོ་སྐབས་ཁྱོན་ནས་སྤྲོད་ཀྱི་མེད་ལ། ཐ་ན་དམ་བསྒྲགས་འོག་འཇང་དགུན་ཆོས་ཀྱང་རྫུན་མ་ཞིག་ལས་ཚོགས་ཐུབ་ཀྱི་མེད། གནས་སྟངས་འདིའི་འོག་རྒྱུགས་ལེན་ཚད་གནས་སྤྲོད་སྟངས་འཐུས་ཚང་ཞིག་ཡོང་མི་སྲིད་པ་བསམ་ལྡན་ཚང་མས་ཤེས་ཐུབ་པ་རེད། གང་ཡིན་ཞེ་ན། སློབསྦྱོང་གི་གནས་ཚད་ལོངས་གཞིའི་མཐུན་རྐྱེན་ཁྱོན་ནས་བསྐྲུན་ཐུབ་ཀྱི་ཡོད་པ་མ་རེད།
གོང་གི་གནས་ཚུལ་འདིས། སྐུ་ཞབས་བུན་པེ་ཧྲིས་སྒོམ་སྒྲུབ་དབང་བསྐུར་སོགས་གསུངས་པ་ནི་ཆབ་སྲིད་ཀྱི་དགོས་དམིགས་འབའ་ཞིག་ལས། བོད་ཀྱི་རིག་གནས་ལ་སེམས་ཁྲལ་བྱས་པ་ཞིག་རྩ་བ་ཉིད་ནས་མ་རེད། དང་པོ་ཐོས་བསམ་གྱི་སྒྲོ་འདོགས་མ་བཅད་པར་དབང་བསྐུར་སྒོམ་སྒྲུབ་ཚད་ལྡན་ཞིག་མི་ཡོང་བ་ཁོང་གིས་མ་ཤེས་པ་གནས་ཚུལ་ཆུང་ཙག་ཤིིག་ཡིན་རུང་། དཔེ་མཚོན་འདིས། བོད་ཀྱི་རིག་གནས་སྲུང་སྐྱོབ་བྱེད་པར་དེའི་རིན་ཐང་ལ་གདེང་འཇོག་དང་ངོས་ལེན་གྱིས་ཆབ་སྲིད་ནང་བསྲེས་མི་རུང་བ་སྟོན་གྱི་ཡོད། སྐུ་ཞབས་བུན་པེ་ཧྲིས་མཐའ་མར་རིག་གནས་སྲུང་སྐྱོབ་འགན་ལེན་གྱི་སྐད་ཆ་དེ་བོད་དུ་ནང་ཆོས་སློབ་གཉེར་བ་ ༦༠༠༠ དང་། བོད་བརྒྱུད་ནང་བསྟན་ཁོ་ནར་ལྡན་པའི་བླ་སྤྲུལ་ངོས་འཛིན་ཞུ་སྟངས་ལ་རྒྱལ་ཁབ་ཀྱིས་བརྩི་བཀུར་ཐོབ་ཡོད་ཟེར་བ་ཙམ་གྱི་སྟེང་དུ་ཕྱིན་ནས། དོན་དངོས་བོད་ཀྱི་རིག་གནས་རིམ་བསྒྱུར་རྩད་རྫོགས་ཀྱི་ཐབས་བྱུས་རྒྱུན་བསྐྱངས་ཏེ། ཕྱི་ཚུལ་གྱི་རྣམ་པ་ཙམ་གྱིས་ཕྱི་རྒྱལ་སྤན་ཟླ་ཚོར་མགོ་བོ་རྨོངས་སུ་འཇུག་བསམ་ཡང་། དེ་ནི་རྦད་དེ་མགོ་རྔས་ལ་མ་བཞག་པར་རྨི་ལམ་བཏང་བ་རང་རེད། གང་ཡིན་ཞེ་ན། ༸གོང་ས་མཆོག་གིས་ནམ་རྒྱུན་གྲངས་ཀ་ལས་སྤས་ཀ་གལ་ཆེར་འཛིན་གྱི་ཡོད། བོད་ནང་གི་ཕྱི་ཚུལ་ཁྲ་ཁྲ་ཟང་ཟིང་དེ་ལས། དོན་དམ་བོད་མིའི་མངོན་འདོད་དང་འཚམས་པའི་རིག་གནས་རྒྱུད་འཛིན་བྱེད་རྒྱུ་གལ་ཆེན་པོར་བརྩི་བཞིན་ཡོད་ལ། ཁོང་གིས་ལོ་རྒྱུས་དང་ཐོབ་ཐང་གི་གནས་བབ་བཞག་ནས་དོན་དམ་པའི་བོད་ཀྱི་དཀའ་ངལ་སེལ་ཐབས་རྒྱ་ནག་གི་རྩ་ཁྲིམས་འོག་འདོད་མོས་བྱས་པ་ནི། བོད་ཀྱི་རིག་གནས་སྤྱི་དང་། ལྷག་པར་ནང་དོན་རིག་གནས་དང་དེའི་དར་རྒུད་ལ་རྒྱ་ནག་གིས་ཡི་རང་བྱེད་ཀྱི་མེད་པས་རེད། དཔེར་ན། སྐུ་ཞབས་བུན་པེ་ཧྲིས་མིང་འཁུར་བ་འདི་ཡང་། རྒྱ་ནག་གཞུང་གི་ཇུས་བཀོད་ཡིན་པ་ལས། རྒྱ་རིགས་ཤེས་ཡོན་ཅན་ཞིག་མིན་པ་ང་ཚོས་ཚོད་དཔག་བྱེད་ཐུབ། གང་ཡིན་ཞེ་ན། ཁོང་གིས་དོན་དངོས་ལས་གཡོལ་བའི་རྒྱ་གཞུང་གི་རིམ་བསྒྱུར་རྩད་རྫོགས་ཀྱི་སྐད་ཆའི་ཕྲེང་བསྟར་བསྒྲིགས་བཞག་པ་དེས་རེད།།
ལན་འདེབས་ཨང་། ༠༠༩