༢༠༡༧ ཟླ་ ༦ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༢ དང་ ༢༣ བཅས་ཉིན་གྲངས་གཉིས་རིང་སྦེལ་ཇམ་ཡུལ་གྱི་རྒྱལ་ས་སྦར་སེལ་ནང་དུ་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གནད་དོན་གླེང་མོལ་ཐེངས་ ༣༥ ཚོགས་འདུག སྐབས་དེར་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་ཁག་གཅིག་དང་གཞུང་འབྲེལ་མིན་པའི་ཚོགས་པའི་འཐུས་མི། ཤེས་ལྡན་མི་སྣ་བཅས་དང་རྒྱ་ནག་གི་སྐུ་ཚབ་དབར་ཉིན་དང་པོར་ཡུ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་འཐུས་མི་རྣམ་པས་དེང་སྐབས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཁར་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ཁྲིམས་རྩོད་པ་མང་པོ་ཞིག་ཉེས་མེད་འཛིན་བཟུང་བཀག་ཉར་འོག་སྨྲ་བརྗོད་རང་དབང་སོགས་གང་ཡང་མེད་པའི་ཐོག་ནས་ཡུལ་ཁྲིམས་དང་འགལ་བའི་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པའི་སྐོར་སོགས་གླེང་འདུག
ཕྱོགས་མཚུངས་གྲངས་ཉུང་མི་རིགས་སྐོར་སོགས་གླེང་སྐབས་ཡུ་རོབ་མཐུན་ཚོགས་ཀྱི་འཐུས་མི་རྣམ་པས་བོད་དང་ཡུ་གུར་ནང་ཞི་བའི་ལམ་ནས་འདུ་འཛོམས་བྱ་རྒྱུའི་ཐོབ་ཐང་སྐོར་སོགས་གླེང་བ་མ་ཟད། བོད་མི་ཆབ་སྲིད་བཙོན་པ་བཀྲ་ཤིས་དབང་ཕྱུག་ལགས་དང་བློ་བཟང་དཀོན་མཆོག་ལགས་སོགས་ཀྱི་སྐོར་གླེང་སློང་གནང་འདུག
ཉིན་གཉིས་པ་དེར་ཕྱོགས་གཉིས་དབར་གླེང་སྟེགས་སྒོར་མོའི་ཚོགས་འདུ་ཚོགས། སྐབས་དེར་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་ཕྱོགས་གཉིས་པོ་སོ་སོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་གྲོས་ཚོགས་འཐུས་མིའི་ལས་འགན་དང་བྱེད་སྒོ་གང་ཡོད་པ། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་སྒྲིག་འཛུགས་དང་ཤེས་ལྡན་མི་སྣའི་ཁྲོད་བྱེད་སྒོ་ལངས་ཕྱོགས་གང་ཡོད་སྐོར་གོ་རྟོགས་གསལ་བཤད་གནང་རེས་གནང་འདུག
ཐེངས་འདིར་ལྷན་ཚོགས་སྐབས་ཡུ་རོབ་མཐུན་ཚོགས་ནས་སྐུ་ཚབ་འཐུས་མི་ལྕམ་སྐུ་པོ་ལ་པམ་པ་ལོ་ནི་ Ms Paola Pampaloni མཆོག་ཡིན་ཞིང་། ཁོང་ནི་ཨེ་ཤི་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ལས་དོན་ཐོག་འགན་བཞེས་མུས་ཡིན་འདུག
རྒྱ་ནག་ཕྱོགས་ནས་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་སྐུ་ཚབ་འཐུས་མི་ལྕམ་ལིའུ་ཧའོ་ Ms Liu Hua ཟེར་བ་ཡིན་འདུག །