ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༠ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༨ རེས་གཟའ་ཉི་མའི་ཉིན་སན་ཌི་ཡ་གོ་དང་མིན་ནེ་སོ་ཊ། སན་ཕ་རན་སི་སི་ཀོ པོཌ་ལེནྜི་སོགས་ནས་ཕེབས་པའི་བོད་རིགས་རྣམས་ལ་བླང་དོར་བཀའ་སློབ་སྩལ་དོན། དེ་རིང་ས་གནས་འདིར་ཁྱུག་ཙམ་སླེབས་ན་བསམས་ཏེ་ང་རང་ཚོ་ལས་དང་སྨོན་ལམ། འབྲེལ་བ་ཐུན་མོང་མ་ཡིན་པ་ཡོད་པ། དེ་ཡང་ཚེ་རབས་མང་པོ་ནས་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པ་ཆགས་ཡོད། དེ་རིང་ང་ཚོ་མཉམ་དུ་ཐུག་པར་ངོས་རང་སེམས་དགའ་པོ་བྱུང་། ཁྱེད་རང་ཚོ་བོད་རིགས་གཙོ་ཆེ་བོད་ནང་ཡོད་པའི་གཞིས་ལུས་རྒྱ་ཆེ་མི་མང་། དེ་བཞིན་བཙན་བྱོལ་དུ་ཡོད་པའི་བོད་རིགས་ས་ཁུལ་འདྲ་མིན་ལ་ཡོད་པ་ཚང་མ་ལྷག་བསམ་ཞེན་ཁོག་གཡོ་བ་མེད་པ་ཞིག་རེད་འདུག ངོས་རང་དེ་རིང་འདིར་ཁྱུག་ཙམ་ཐུག་པའི་སྐབས་ཁྱེད་རང་ཚོ་མང་པོ་ཞིག་འདིར་འདུས་པ་བྱུང་བ་རེད། ཐུགས་རྗེ་ཆེ་ཟེར་གྱི་ཡིན།
ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ ༥༨ ཕྱིན་ཡོད། མི་ཚེ་ཞིག་ལ་ལོ་ ༥༨ ཟེར་རྒྱུ་དེ་གང་ཙམ་རིང་པོ་རེད། གཙོ་ཆེ་ཤོས་ལོ་ཡུན་དེའི་རིང་བོད་ནང་དགོན་པ་དང་། ལྷ་ཁང་དེ་འདྲ་གཏོར་བཤིག་བཏང་བ་དང་། དེ་བཞིན་མི་མང་པོ་ཞིག་འདས་གྲོངས་སུ་ཕྱིན་པ། ཕལ་ཆེར་ཁྲིམས་ཀྱི་ཐོག་ནས་དམར་གསོད་བཏང་བ་དེ་འདྲ་མང་པོ་ཞིག་བྱུང་ཡོད། གཞན་ཡང་སློབ་གསོའི་ཐོག་ནས་མདོར་ན་བོད་ཡིག་སློབ་མི་ཆོག་པ་དང་བོད་པ་དང་མཉམ་དུ་འབྲེལ་བ་དེ་ཙམ་བྱེད་མི་ཆོག་པ་དེ་འདྲའི་དམ་བསྒྲགས་མང་པོ་ཞིག་ཡོང་བཞིན་ཡོད་ནའང་། དེ་འདྲའི་གནས་སྟངས་འོག་ནས་གཞིས་ལུས་རྒྱ་ཆེ་མི་མང་དེ་དག་གིས་སེམས་ཤུགས་དང་། ཞེན་ཁོག་ཕལ་ཆེར་འགྱུར་བ་མེད་པ་རེད་འདུག ཧ་ཅང་བརྟན་པོ་རེད་འདུག ང་རང་ཚོ་དུས་ཚོད་ཁག་པོའི་སྐབས་ལ་སྡོད་ཡོད། འོན་ཀྱང་གཞིས་ལུས་རྒྱ་ཆེ་མི་མང་གཙོ་བོར་གྱུར་པའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱིས་སོ་སོའི་མི་རིགས་ཀྱི་ཞེན་ཁོག་དང་། སོ་སོའི་ཆོས་དང་རིག་གཞུང་ལ་དགའ་ཞེན་གྱི་ཐོག་ནས་སྲུང་སྐྱོབ་བྱེད་བཞིན་པ་ཞིག་ཡོང་བཞིན་ཡོད། དེར་བརྟེན་གཙོ་ཆེ་གཞིས་ལུས་རྒྱ་ཆེ་མི་མང་དེ་དག་དཀའ་ངལ་དེ་འདྲའི་འོག་ཚང་མས་སེམས་ཤུགས་སེམས་ཀྱི་གཏིང་ལ་འགྱུར་བ་མེད་པར་གནས་བཞིན་པར་ཐུགས་རྗེ་ཆེ་ཞེས་ཟེར་གྱི་ཡིན་ལ་དངོས་གནས་བསྔགས་བརྗོད་ཡོད།
དེ་བཞིན་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོ་ཡིན་ནའང་། དེ་དང་དེ་བཞིན་མི་རབས་བརྗེ་འགྲོ་གི་ཡོད། མི་རབས་གསར་པ་སླེབ་ཀྱི་ཡོད་ནའང་། ང་ཚོ་བོད་པ་ཡིན་བསམས་པའི་འདུ་ཤེས་དེ་འགྱུར་བ་མེད་པར་བརྟན་པོར་གནས་པ་ཧ་ཅང་ཡག་པོ་རེད་འདུག ད་དུང་ཡིན་ནའང་ང་ཚོ་མི་རབས་གསར་པ་ཡར་ཡོང་མཁན་ཚོས་བོད་ཡིག་ཤེས་པ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ང་རང་ཚོའི་བོད་ཡིག་འདི་སོ་སོ་མི་རིགས་ཀྱི་སྐད་ཡིག་ཡིན། ཞེས་དེ་འདྲའི་ཞེན་ཁོག་ཐོག་ནས་སོ་སོའི་ཡི་གེ་ལ་རྩ་ཆེན་པོ་རྩི་བ་ཙམ་མ་རེད། དེང་སྐབས་འཛམ་གླིང་འདིའི་སྟེང་ནང་པ་སངས་རྒྱས་པའི་ལྟ་གྲུབ་འགྲེལ་བཤད་མཐིལ་ཕྱིན་པ་ཞིག་དང་། དོན་འཁྲུལ་པ་མེད་པ་འགྲེལ་བཤད་རྒྱག་ཐུབ་མཁན་ནི་བོད་པ་ཁོ་ན་རེད་འདུག ཨིན་ཡིག་ནང་གཞི་ནས་མིང་ཚིག་གསར་པ་བཟོ་ན་མ་གཏོགས་ཡོང་རྒྱུ་མེད། སྔ་མོ་ཡིན་ན་ལེགས་སྦྱར་ནང་ཡོད་ཀྱང་ལེགས་སྦྱར་ནི་མཁས་དབང་རེ་བཟུང་གིས་བཤད་རྒྱུ་མ་གཏོགས་ལྷག་མེད། ད་ལྟ་སྐད་ཡིག་བེད་སྤྱོད་ཡོད་དང་ཡོད་བཞིན་པའི་ནང་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་འགྲེལ་བཤད་ཆ་ཚང་བ་རྒྱག་ཐུབ་པ་ནི་བོད་ཡིག་དང་བོད་སྐད་གཅིག་པུ་རེད་འདུག ལྟ་གྲུབ་སྐོར་དཔེར་ན། སེམས་ཁམས་རིག་པ་དང་། ཚད་མ་རིག་པ། ལྟ་བའི་སྐོར་དེ་དག་དེང་སྐབས་འཛམ་གླིང་འདིའི་སྟེང་ནང་པ་མིན་པའི་མིའི་ནང་ནས་དོ་སྣང་གསར་པ་ཞིག་སླེབ་ཡོང་གི་འདུག
དཔེར་ན། ངོས་ལ་ཆ་བཞག་ན་ཚན་རིག་པ་དང་མཉམ་དུ་འབྲེལ་བ་བྱེད་རྒྱུ་དང་། མཁས་དབང་དང་མཉམ་དུ་གོ་བསྡུར་བྱེད་རྒྱུ་དེ་འདྲ་འདས་པའི་ལོ་ཧ་ལམ་ ༣༠ ལྷག་རིང་ལ་ཧ་ཅང་མང་པོ་བྱུང་ཡོད། དེ་ལྟར་ཉམས་མྱོང་ཕྱོགས་བསྡོམས་བྱེད་ཡོང་དུས་ང་ཚོས་སློབ་སྦྱོང་བྱས་པའི་སེམས་ཁམས་རིག་པ་དང་། ལྟ་གྲུབ་སྐོར་དེ་དག་གཞི་ནས་འཛམ་གླིང་འདིའི་སྟེང་གི་མཁས་དབང་དང་སེམས་ཁམས་རིག་པར་དོ་སྣང་ཡོད་མཁན་དེ་ཚོའི་གྲས་ཀྱིས་དམིགས་བསལ་དོ་སྣང་ཡོང་བཞིན་འདུག དོ་སྣང་བྱེད་མཁན་མང་པོ་ཞིག་ནང་པའི་ཆོས་བྱེད་ཀྱི་མེད། དེ་བཞིན་མང་པོ་ཞིག་ཆོས་དད་ཀྱང་མེད། གང་ལྟར་དེ་སྔ་ཡིན་ན། སྤྱིར་ཆོས་ཟེར་དུས་དད་པ་བྱས་ནས་འགྲོ་རྒྱུ་ལྟ་བུ་ཞིག་མཐོང་གི་ཡོད། སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་དཔལ་ནཱ་ལེནྡྲ་ནས་བྱུང་བའི་ཆོས་འདི་ཤེས་ཡོན་དང་ལྟ་གྲུབ་ཀྱི་ཐོག་ནས་བསམ་བློ་ཧ་ཅང་གཏོང་རྒྱུ་ཡོད་པ་ཆགས་ཡོད་སྟབས། སྤྱིར་ཚན་རིག་པ་དེ་འདྲའི་ནང་ནས་དོ་སྣང་སླེབ་ཀྱི་ཡོད། ང་ཚོ་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱས་པའི་སྐབས་ཤིག་ལ་ཚན་རིག་པ་འགའ་ཤས་ཀྱིས་ཁྱེད་རང་ཚོས་རིགས་ལམ་ཐོག་ནས་རྣམ་གཞག་གཏན་ལ་དབབ་རྒྱུ་ཧ་ཅང་འདུག དེ་ལྟ་བུའི་རིགས་ལམ་འགྲོ་སྟངས་དེ་སློབ་ཚན་གཞན་གྱི་ནང་འཁྱེར་ཐུབ་བམ། ཞེས་ངོས་ལ་བརྗོད་མཁན་བྱུང་། ངོས་ཀྱིས་འདི་ངེས་པར་དུ་ཡོང་གི་རེད། ཅེས་དེ་འདྲའི་སྐད་ཆ་བྱུང་། རྒྱ་གར་ནང་གི་སློབ་གྲྭ་ཁ་ཤས་ལ་རིགས་ལམ་བསླབས་ནས་སློབ་ཚན་དེ་ཚན་རིག་དང་། དེང་དུས་སློབ་ཚན་ཁག་འགྲེལ་བཤད་བརྒྱབ་ནས་ཐག་གཅོད་པའི་སྐབས་སུ་རྟགས་གསལ་བཏང་ནས་འགྲོ་རྒྱུའི་སྲོལ་གཏོད་ཡོང་གི་ཡོད།
ང་ཚོ་མེས་པོ་ཚོས་མི་རབས་མང་པོའི་རིང་ཉར་ཚགས་བྱས་པའི་བོད་པའི་ཤེས་ཡོན་འདི་དེང་སང་འཛམ་གླིང་འདིའི་སྟེང་ཕན་ཐོགས་ཡོད་པ་ཞིག་དང་། མིའི་རྣམ་དཔྱོད་གོང་ནས་གོང་དུ་སྤེལ་ནས་བརྟག་དཔྱད་གཏོང་རྒྱུར་ཏན་ཏན་ཕན་ཐོགས་ཡོད་པའི་བཟོ་འདྲ་ཞིག་འདུག དེར་བརྟེན་ཆོས་དད་ཡོད་མེད་དང་། དེ་བཞིན་སངས་རྒྱས་པའི་ཆོས་པ་ཡིན་མིན་ལ་མ་ལྟོས་པར་རིགས་ལམ་གྱི་འགྲོ་སྟངས་དང་། སེམས་ཁམས་རིག་པ་དེ་ཚོའི་གྲས་ནི། འཛམ་གླིང་སྤྱི་ལ་ང་ཚོས་ཕན་ཐོགས་བྱེད་ཐུབ་པའི་དུས་ཚོད་ཞིག་ཏན་ཏན་སླེབ་ཀྱི་ཡོད་པའི་བཟོ་འདྲ་ཞིག་མཐོང་བཞིན་འདུག དེར་བརྟེན་ང་ཚོ་བོད་རིགས་ཚོས་ཆོས་ལ་དད་པ་ཡོད་རུང་མེད་རུང་། ནང་ཆོས་ནས་གསུང་པའི་ལྟ་གྲུབ་ཀྱི་རྣམ་གཞག་དང་། རིགས་ལམ་ཚད་མ་རིག་པ་དེ་ཚོའི་གྲས་ཁྱེད་རང་ཚོས་ཤེས་དགོས་རྒྱུ་གལ་ཆེན་པོ་རེད་འདུག རིགས་ལམ་དེ་ཚོའི་གྲས་ང་ཚོས་ངེས་པར་དུ་ཤེས་པར་བྱ་དགོས། དེ་སྔ་ང་ཚོས་དཔེ་ཆ་སློབ་སྦྱོང་བྱེད་རྒྱུ་དེ་ཚོའི་གྲས་ཕྱོགས་གཅིག་ནས་དགེ་འདུན་པ་དགོན་པར་ཡོད་མཁན་ཚོ་དང་། དེའི་ནང་ནས་བཤད་གྲྭ་ཚོས་མ་གཏོགས་སྤྱི་ཡོངས་ནས་དེ་འདྲའི་སློབ་སྦྱོང་བྱེད་དགོས་ཀྱི་མེད་པའི་བཟོ་འདྲ་བོ་ཞིག་དང་། དེ་འདྲའི་སློབ་སྦྱོང་བྱེད་རྒྱུར་དོ་སྣང་དང་མིག་ལྟོས་མེད་པའི་བཟོ་འདྲ་ཞིག་རེད། འདི་ང་ཚོས་བསྒྱུར་བ་གཏོང་དགོས། ངོས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གདན་ས་ཚོར་ཆོས་འབྲེལ་སོགས་བྱེད་པའི་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མང་ཚོགས་ཀྱིས་བྱེད་དགོས། དགོན་པའི་དགེ་འདུན་པ་ཁོ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཟེར་རྒྱུ་འདི་ཡུན་རིང་པོ་གནས་རྒྱུར་ཁག་པོ་རེད།
མང་ཚོགས་ཀྱིས་སངས་རྒྱས་པའི་ཆོས་སློབ་སྦྱོང་བྱེད་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་སྤྱི་ཚོགས་དང་མང་ཚོགས་ནང་བྱུང་བ་ཡིན་ན། བསྟན་པ་ཡུན་རིང་གནས་རྒྱུ་ཞིག་དང་། ད་བར་མང་ཚོགས་ཀྱིས་ཆོས་ལ་དད་པ་ཡོད་ནའང་རྒྱུ་མཚན་དེ་ཙམ་ཤེས་ཀྱི་མེད། དེར་བརྟེན་ང་ཚོའི་དཔེ་ཆ་དཔེར་ན། ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་འགྲེལ་བ་དོན་གསལ་གྱི་དབུ་དེར་དབང་རྟུལ་དད་པའི་རྗེས་འབྲང་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་ཞེས་དབྱེ་བ་ཕྱེ་ཡོད། དབང་རྟུལ་དད་པའི་རྗེས་འབྲང་ཟེར་རྒྱུ་འདི་རྩ་ཆེན་པོ་རེད། ཅེས་དེ་ལྟར་དད་པ་བྱེད་བཞིན་པ་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་གིས་སངས་རྒྱས་པའི་ཆོས་ཀྱི་ནང་གསུང་པ་དེའི་རྒྱུ་མཚན་དང་གནད་འགག་གང་རེད་དམ། ཞེས་ཞིབ་འཇུག་བྱས་པའི་ཐོག་ནས་དོ་སྣང་དང་དད་པ་སླེབས་པ་དེ་ལ་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཟེར་གྱི་ཡོད། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བརྟག་དཔྱད་བྱས་ནས་ཆོས་ལ་དོ་སྣང་སླེབས་པ་དེ་ལ་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཟེར། དབང་རྟུལ་དད་པའི་རྗེས་འབྲང་གིས་དད་པ་ཁོ་ནའི་སྐྱབས་སུ་མཆི་ཟེར་བ་ཙམ་མ་གཏོགས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་བརྟག་དཔྱད་བྱེད་རྒྱུ་དེ་ཙམ་མེད། དེར་བརྟེན་དབང་རྟུལ་དད་པའི་རྗེས་འབྲང་ཐོག་ནས་སངས་རྒྱས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཟེར་རྒྱུ་འདི་ཁག་པོ་རེད། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་འགྲོ་སྟངས་བྱས་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཀྱི་ཡིན་ན། སངས་རྒྱས་པའི་བསྟན་པ་ལོ་བརྒྱ་ཕྲག་ཁ་ཤས་ཏན་ཏན་བསྡད་ཀྱི་རེད། ཅེས་ངོས་ཀྱིས་འདི་ལྟར་བཤད་ཀྱི་ཡོད། ཕྱོགས་གཅིག་ནས་བསྟན་པ་མང་ཚོགས་ཀྱིས་འཛིན་དགོས་རྒྱུ་དང་། བསྟན་པ་འཛིན་སྟངས་དེ་ཡང་སློབ་སྦྱོང་གི་ཐོག་ནས་སངས་རྒྱས་པའི་ཆོས་ཀྱི་གནད་འགག་དེ་ཤེས་པར་བྱེད་དགོས། ཆོས་ཀྱི་གནད་འགག་ཤེས་རྒྱུ་ནི་གཙོ་བོ་ལྟ་གྲུབ་སྐོར་རེད་འདུག ལྟ་གྲུབ་ཀྱི་སྐོར་དེ་དག་ཧ་ཅང་གལ་ཆེན་པོ་རེད།
ང་ཚོ་ནི་སྟོན་པ་བཅོམ་ལྡན་འདས་དང་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པའི་རྗེ
མི་རབས་ཡར་རྒས་ནས་རྒན་པ་རྣམས་རིམ་བཞིན་རྫོགས་འགྲོ་བ
དེ་ནས་དམིགས་བསལ་ཞུ་རྒྱུ་གང་ཡང་
ལོ་རྒྱུས་ཐོག་ནས་རྒྱ་རིགས་ནང་
དཔེར་ན། མ་ལེ་ཤི་ཡ་ཆ་བཞག་ན། ཁ་ཆེའི་ལུང་པ་ཡིན་ནའང་དེ་དག་གི་
དེ་ནས་ན་ནིང་ང་ཚོའི་འོས་བསྡུ་བྱ
དེ་ནས་བོད་སིལ་བུར་ཐོར་ནས་ཕན་ཚུན་འབྲེལ་
མདོ་སྟོད་སྨད་དང་། དབུས་གཙང་། མངའ་རིས་ཁུལ་དང་བཅས་པ་དེ་དག་ཚང་
ད་རེས་ངོས་རང་མེ་ཡོ་སྨན་ཁང་དུ་
ད་བར་དུས་ཚོད་ཁག་པོའི་རིང་ངོས་