༢༠༡༠ ཟླ་ ༡༡ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༢ ཉིན་བཞུགས་སྒར་རྡ་སའི་སུར་ཡ་གསོལ་མགྲོན་ཁང་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གོ་སྒྲིག་ཐོག་བོད་དང་ཨ་རི་བར་གྱི་ལོ་རྒྱུས་དོན་སྙིང་ལྡན་པའི་གནས་འཕྲིན་ཁག་གཉིས་ཤེལ་སྒྲོམ་ནང་བསྒྲིགས་ཏེ་དབུ་འབྱེད་གནང་བ་དང་སྦྲགས་བོད་ཀྱི་འགྲེམས་སྟོན་ཁང་ལ་གནང་ཡོད། དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དྲུང་ཆེ་རྣམ་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་དང་ཚོགས་མི་ཁག་གཅིག གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ་བཅས་མི་གྲངས་ ༥༠ བརྒལ་བ་ལྷན་འཛོམས་ཀྱིས་ཐོག་མར་དམིགས་བསལ་སྐུ་ཚབ་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་རྗེས་ཚོགས་གཙོ་ལྕམ་སྐུ་མེ་རེ་བེ་ཌི་(Mary Beth Markey)ལགས་ཀྱིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དེ་ཐོག་མར་བྱུང་རབས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་སྙིང་བསྡུས་དང་དེ་ནས་རིམ་བཞིན་ཡུ་རོབ་རྒྱལ་ཁབ་འཇར་མ་ནི་དང་། བྷར་ལིན། བྷར་སིལ་བཅས་སུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་ཁུངས་དབུ་འཛུགས་གནང་ཡོད་སྐོར་གསུངས་པ་དང་ཆབས་ཅིག་ཁོང་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དམིགས་ཡུལ་གཙོ་བོ་དང་གལ་ཆེ་ཤོས་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གི་ངོས་ནས་བོད་དོན་བདེན་མཐའ་སེལ་ཐབས་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཇི་ལྟར་བྱེད་དགོས་པ་དེ་ཡིན་ཞེས་གསུངས་ཡོད། ཅེས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་མ་ཟད། བོད་དང་ཨ་རི་དབར་གྱི་འབྲེལ་བའི་བརྙན་པར་ཕྱོགས་སྒྲིག་བྱས་པ་ཞིག་ཀམ་པུ་ཊར་ལམ་ནས་སྐར་མ་ ༡༠ ཙམ་བསྟན་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དེ་སྔའི་ཨ་རིའི་སྲིད་འཛིན་དམ་པ་རུ་སུ་ཝེལ་(Roosevelt)མཆོག་དང་ད་ལྟའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ་(Barrack Obama)མཆོག་རྣམ་གཉིས་ཀྱིས་ཕུལ་བའི་གནས་འཕྲིན་ཁག་གཉིས་ཤེལ་སྒྲོམ་ནང་བསྒྲིགས་པའི་ཡིག་བྱང་གཉིས་ཡོད་པ་དེ་དབུ་འབྱེད་དང་འབྲེལ་མཛད་གཙོ་རྣམ་པར་དགོང་ཚིགས་ཤིག་ཀྱང་བཤམས་ཡོད་པ་བཅས།།