༢༠༡༧ ཟླ་ ༦ ཚེས་ ༡༢ རེས་གཟའ་ཟླ་བ།
༄༅། །ཕ་རན་སིའི་རྒྱལ་ས་པེ་རི་སིར་བོད་དང་ཧི་མཱ་ལ་ཡའི་དུས་སྟོན་ཐེངས་ ༡༧ སྲུང་བརྩི་གཟབ་རྒྱས་ཞུས་འདུག དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༠ དང་ ༡༡ བཅས་ཉིན་གྲངས་གཉིས་རིང་གི་དུས་སྟོན་མཛད་སྒོ་དེ་བཞིན་ཕ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་མེ་ཤལ་རེ་སོན་ Senator Michael Raison མཆོག་དང་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་དབུ་འབྱེད་གནང་བསྟུན་དགེ་འདུན་པ་ཁག་གཅིག་གིས་དབུ་མཛད་ནས་བསང་གསོལ་དང་། བོད་སྐྱོང་ལྷ་སྲུང་འཕྲིན་སྐུལ་སོགས་སྨོན་ལམ་གསུང་འདོན་གནང་། སྤྱིར་དུས་སྟོན་མཛད་སྒོ་དེ་ནི་ལོ་ལྟར་ཕ་རན་སིའི་དོན་ཁང་དང་བོད་ཁང་གཉིས་ཀྱིས་གོ་སྒྲིག་གནང་སྲོལ་ཡོད་འདུག
དུས་སྟོན་དེ་བརྒྱུད་ནས་ས་གནས་ཡུལ་མི་སོགས་ལ་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་ཤིས་སོགས་ངོ་སྤྲོད་ཡོང་སླད་སྲུང་བརྩི་ཞུས་པ་ཞིག་ཡིན་འདུག སྐབས་དེར་བོད་ཀྱི་སྲོལ་རྒྱུན་གསོལ་རྒྱུན་གཞས་སྣ་ཁག་དང་། ཁ་ཟས་འདྲ་མིན། དེ་བཞིན་ཆས་གོས་སོགས་མང་ཚོགས་ལ་འགྲེམས་སྟོན་གནང་བ་ཙམ་མ་ཟད། བོད་དང་རྡ་ས་བོད་མིའི་སྒྲིག་འཛུགས་ཀྱི་མདུན་ལམ། རྒྱལ་སྤྱིའི་ནང་རྒྱ་ནག་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པ་དང་ཨ་རིའི་ཤུགས་རྐྱེན་ཆུང་དུ་འགྲོ་བཞིན་པའི་གནད་དོན་སྐོར་བགྲོ་གླེང་གོ་བསྡུར་གནང་འདུག དེ་བཞིན་བོད་བརྒྱུད་ནང་བསྟན་གྱི་ཆོ་ག་འདྲ་མིན་དང་ནང་ཆོས་ཀྱི་ངོ་སྤྲོད་སོགས་གནང་འདུག
སྐབས་དེར་སྐུ་ཞབས་མེ་ཤལ་རེ་སོན་མཆོག་གིས་དེ་སྔ་ཁོང་རྡ་སར་བོད་མིའི་གསུམ་བཅུའི་དུས་དྲན་དང་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་མཛད་སྒོའི་ཐོག་མཉམ་ཞུགས་གནང་བའི་གློག་བརྙན་ཁག་གཅིག་བསྟན་འདུག ཁོང་གིས་སྐབས་དེར་རྡ་སའི་བཙན་བྱོལ་བོད་མིའི་དབུ་ཁྲིད་དང་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་རྣམས་ཀྱིས་འཐབ་རྩོད་རྒྱུན་སྐྱོང་གནང་བཞིན་པ་དང་། ལྷག་པར་གྲོས་ཚོགས་ནང་ཕྱག་ལས་གནང་ཕྱོགས་ཐད་ཟུར་ཉན་ཐོག་ནས་གསན་གཟིགས་བྱུང་བ་དེ་དག་ལ་བརྟེན་བོད་མི་བཙན་བྱོལ་བ་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལམ་སྟོན་ཤར་བསྐྱོད་འོག་མང་གཙོའི་རིང་ལུགས་ཚད་དང་ལྡན་པ་ལག་བསྟར་བྱེད་བཞིན་ཡོད་པ་གཟིགས་སྐབས་བོད་དོན་ལ་བཟང་ཕྱོགས་ཀྱི་རེ་བ་རྒྱག་ས་ཡོད་སྐོར་སོགས་ངོ་སྤྲོད་གནང་།
ཕྱོགས་མཚུངས་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་སྐུ་ཞབས་ཨན་དེ་རེ་གྷ་ཏོ་ལིན་ Senator Andre Gattolin མཆོག་གིས་ཉེ་ལམ་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་གཞིའི་རྒྱུད་རིམ་རྣམས་གཟིགས་སྐབས་འོས་བསྡུའི་ལས་རིམ་ཧ་ཅང་ཞིབ་ཚགས་པོ་ཡོད་པར་ཡིད་དབང་འཕྲོག་པོ་བྱུང་བ་མ་ཟད། ལྷག་པར་འོས་བསྡུའི་སྐབས་སྔོན་འགྲོ་དང་དངོས་གཞི་བཅས་བརྒྱུད་རིམ་གཉིས་ཡོད་པ་ནི་ཡུལ་དེའི་འོས་བསྡུའི་ལམ་སྲོལ་དང་གཉིས་སུ་མེད་པ་མ་ཟད། འོས་བསྡུའི་ལས་རིམ་དང་འབྲེལ་བའི་བསྐྱར་བཅོས་གནང་དགོས་པའི་དོན་ཚན་ཁག་གཅིག་འོས་བསྡུའི་རིམ་ཞིབ་འཇུག་ཚོགས་ཆུང་གིས་ལམ་སྟོན་གཞིར་བཟུང་བོད་མི་བཙན་བྱོལ་བ་རྣམས་ཀྱིས་དུས་བསྟུན་བསྐྱར་ཞིབ་གནང་མུས་ཡིན་སྐོར་གསུངས།
ཕྱོགས་མཚུངས་ཁོང་གིས་ཕ་རན་སིའི་སྲིད་འཛིན་གསར་པ་སྐུ་ཞབས་མེག་རོན་མཆོག་དང་༸གོང་ས་མཆོག་དབར་སྔ་ལོའི་ཕྱི་ཟླ་ ༩ ནང་མཇལ་འཕྲད་མཛད་སྐོར་སྤོབས་པ་ཆེན་པོའི་ཐོག་ནས་གསུངས། གཞན་ཡང་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཕ་རན་སི་ཡུལ་གྱི་བོད་མི་བཙན་བྱོལ་བ་རྣམས་ལ་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པ་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུས་འདུག ལྷག་པར་ཡུལ་དེའི་གྲོང་ཁྱེར་ཆེ་ཆུང་འདྲ་མིན་ནང་བོད་ཀྱི་ས་ཁུལ་འདྲ་མིན་གྱི་མིང་གཞུང་ཆ་བགོས་གནང་ནས་རྒྱབ་སྐྱོར་གནང་བ་མ་ཟད། བོད་ཀྱི་རྒྱལ་དར་བརྒྱ་ཕྲག་མང་པོ་གྲོང་ཁྱེར་དང་གྲོང་ཚོ་སོ་སོའི་ལས་ཁུངས་མདུན་དུ་འགྲེངས་འཛུགས་གནང་དང་གནང་མུས་ཡིན་སྐོར་གསུངས།
དེ་བཞིན་ཡུལ་དེའི་གྲོས་ཚོགས་གོང་འོག་ནང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་ཐུབ་ཡོད་སྟབས་གྲོས་ཚོགས་གོང་འོག་ནང་བོད་དོན་རྒྱབ་སྐྱོར་མུ་མཐུད་རྒྱུན་སྐྱོང་ཡོང་སླད་ཕན་ཐོགས་ཧ་ཅང་ཡོད་སྐོར་གསུངས། ལྷག་པར་ད་ལྟ་དུས་ཚོད་ཧ་ཅང་གཉན་འཕྲང་ཆེ་བའི་སྐབས་འདིར་རྒྱབ་སྐྱོར་དེ་དག་ཧ་ཅང་རྩ་ཆེན་པོ་ཡིན་པ་ངོས་ལེན་གནང་།
སྐབས་དེར་དེ་སྔ་རྒྱ་ནག་གཞུང་གིས་ཉེས་ཅན་མི་སྣར་ངོས་འཛིན་བྱས་པ་ཕ་རན་སིའི་གསར་གོད་པ་ལྕམ་སྐུ་ཨུར་སུ་ལ་གྷུ་ཐི་ཡར་ Ursula Gauthier ལགས་ཀྱིས་རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་འཐབ་རྩོད་པ་རྣམས་ལ་རྫུན་སྒྲིག་དང་འཁྱོག་བཤད་ཀྱི་གཏམ་འཆལ་སྣ་ཚོགས་སྤེལ་ནས་གདོང་ལེན་བྱས་དང་བྱེད་མུས་ཡིན་གསུང་དོན། གཞིས་ལུས་བོད་མི་རྣམས་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་དད་གུས་ཧ་ཅང་ཞུ་བཞིན་ཡོད་པ་མ་ཟད། བོད་མི་དེ་དག་གིས་བཙན་བྱོལ་བོད་མིའི་འཐབ་རྩོད་སྐོར་གནས་ཚུལ་ཞིབ་ཕྲ་ཤེས་བཞིན་ཡོད། གསེར་རྟ་བླ་རུང་སྒར་ལ་མཚོན་ན་འཛམ་གླིང་ནང་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་ཁང་ཆེ་ཤོས་ཡིན་ཞིང་། བསྟི་གནས་ཁང་དེར་བོད་མི་ཙམ་མ་ཟད་རྒྱ་རིགས་སོགས་ཕྱི་རྒྱལ་མི་སྣ་འདྲ་མིན་གྱིས་སློབ་གཉེར་གནང་སྲོལ་ཡོད་སྐོར་གསུངས།
དུས་སྟོན་སྐབས་དོན་ཁང་གི་ལས་བྱེད་རྣམ་རྒྱལ་བསམ་གྲུབ་ལགས་དང་མཐུ་སྟོབས་རྣམ་རྒྱལ་ལགས། འཇིགས་མེད་རྡོ་རྗེ་ལགས། བསྟན་འཛིན་རབ་དགའ་ལགས་བཅས་ཕེབས་འདུག ཐེངས་འདིའི་དུས་སྟོན་མཛད་སྒོ་རྒྱལ་ཁའི་ངང་ནས་གོ་སྒྲིག་ཞུ་ཐུབ་པ་ནི་གཙོ་བོ་དངས་བླངས་ཞབས་ཞུ་བ་རྣམས་ཀྱིས་ངལ་བ་ཁྱད་བསད་ཐོག་ནས་ཕྱག་ལས་ཧུར་ཐག་གནང་བར་བརྟེན་ནས་ཡིན་སྟབས་དོན་ཁང་ངོས་ནས་ཁོང་རྣམས་ལ་ཐུགས་རྗེ་ཆེ་གསུངས།།