༢༠༡༠ ཟླ་ ༡༡ ཚེས་ ༢ རེས་གཟའ་མིག་དམར།
༄༅། །བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་དབུ་ཁྲིད་པའི་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་དང་ཧོལ་ལེན་ཌིའི་རྒྱལ་ས་ཨེམ་སེ་ཊར་ཌམ། ཇར་མན་ནིའི་གྲོང་ཁྱེར་བྷར་ལིན། སྦེལ་ཇམ་རྒྱལ་ས་བྷར་སེལ་བཅས་ཀྱི་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་རྣམ་པ་དང་ལས་བྱེད་རྣམ་པ་ཁག་གཅིག་རྡ་སར་ཕེབས་ཏེ་ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༣༡ ནས་ཟླ་ ༡༡ ཚེས་ ༤ ཉིན་ལྔའི་རིང་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཚོགས་འདུ་སྐོང་ཚོགས་གནང་ཡོད། ཐེངས་འདིའི་ཚོགས་འདུ་དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་དེ་ཆགས་ཡོད། ཕྱི་ཚེས་ ༢ རེས་གཟའ་མིག་དམར་ཉིན་བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཀྱང་ཚོགས་འདུར་ཆེད་ཕེབས་ཀྱིས་ཚོགས་མི་རྣམས་དང་ལྷན་རྒྱལ་སྤྱིའི་ཐོག་བོད་ཀྱི་གནས་བབ་གོང་མཐོར་ཇི་འདྲ་གཏོང་དགོས་སྐོར་ཐད་བགྲོ་གླེང་གནང་ཡོད་པ་མ་ཟད། ཚོགས་བཅར་བ་རྣམས་ལ་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་དང་འབྲེལ་བའི་ལས་དོན་རྣམས་གསལ་བཤད་གནང་ཡོད། དེ་བཞིན་ཉིན་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་མི་རྣམས་ལ་མཇལ་ཁ་སྩལ་ཡོད། སྐབས་དེར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ཀྱང་མཇལ་བཅར་དུ་ཆེད་ཕེབས་གནང་ཡོད། ཕྱི་ཚེས་ ༡ རེས་གཟའ་ཟླ་བའི་ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་དང་ལས་བྱེད་རྣམས་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་ནས་བོད་གཞུང་ཟློས་གར་དུ་དགོང་དྲོའི་གསོལ་སྟོན་བཤམས་ཡོད་པ་དང་ཆབས་ཅིག་བོད་གཞུང་ཟློས་གར་གྱིས་བོད་ཀྱི་གཞས་སྣ་ཁག་གཅིག་ཀྱང་འཁྲབ་སྟོན་ཞུས་ཡོད་པ་བཅས།།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་མི་ཁག་གཅིག་རྡ་སར་ཕེབས་པ།
གསར་གནས།
འབྲེལ་གནས།