ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༥ ཉིན་སྤྱི་ཚོགས་ཁོར་ཡུག་ཚོགས་པ་དང་རྡ་ཤོད་ཚོང་པ་ལྷན་ཚོགས་བཅས་ཐུན་མོང་གི་གོ་སྒྲིག་ཐོག་རྡ་སར་ཡོད་པའི་གྷན་དྷི་དྲན་རྟེན་སྐྱེད་མོས་ཚལ་ Gandhi Samriti Vatica དུ་རྒྱལ་སྤྱིའི་ཁོར་ཡུག་ཉིན་མོ་སྲུང་བརྩི་ཞུས་ཡོད།
དེ་ཡང་མཛད་སྒོའི་ཐོག་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གི་ཚབ་ཞུས་ཏེ་ཕེབས་ཡོད་པ་དང་། གཞན་ཡང་གྲོང་སྡེ་ལས་ཁུངས་ཀྱི་ལས་བྱེད་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ས་གནས་ཀྱི་གནད་ཡོད་མི་སྣ། དགེ་རྒན། སློབ་གྲྭ་ཁག་གི་སློབ་ཕྲུག་ ༢༠༠ ལྷག་ལྷན་འཛོམས་གནང་ཡོད།
ཐེངས་འདིའི་རྒྱལ་སྤྱིའི་ཁོར་ཡུག་ཉིན་མོའི་བརྗོད་གཞི་ནི་ Go Green, Love your Environment ཞེས་ཡིན་པ་དང་། སློབ་ཕྲུག་རྣམས་ནས་བརྗོད་གཞི་དང་འབྲེལ་བའི་གཏམ་བརྗོད་འཁྲབ་སྟོན་ཞུས་ཡོད།
མཛད་སྒོ་གོ་སྒྲིག་གནང་མཁན་སྐུ་ཞབས་ཨན་ཇན་ཀེ་ཀ་ལིཡ་ (Dr. Anjan K Kalia) ལགས་ཀྱིས་འཕྲོད་བསྟེན་བཀའ་བློན་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུས་པ་དང་འབྲེལ་མཛད་སྒོར་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་མི་རྣམས་ནས་རྡ་ས་ཁུལ་དུ་ཤིང་སྣ་འདེབས་འཛུགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་སླད་འགན་འཁུར་བཞིན་ཡོད་སྐོར་གསུངས།
མཛད་སྒོའི་ཐོག་འཕྲོད་བསྟེན་བཀའ་བློན་གིས། ཁོར་ཡུག་གཙང་བཟོ་དང་སྲུང་སྐྱོབ་གནང་རྒྱུའི་གལ་གནད་སྐོར་དང་། ཁོར་ཡུག་སྲུང་སྐྱོབས་སླད་མི་རེ་ངོ་རེ་ནས་འགན་འཁུར་ཅི་ཇེར་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་མ་ཟད། མིས་རང་དོན་ཁོ་ནར་དམིགས་ཏེ་རང་བྱུང་གཏེར་ཁ་རྣམས་གཞི་རྒྱ་ཆེན་པོས་སྔོག་འདོན་དང་གང་བྱུང་གཏོར་བཤིག་བཏང་བའི་བྱ་སྤྱོད་དེ་དག་ལ་བརྟེན་ནས་འཛམ་གླིང་སའི་གོ་ལར་གནོད་སྐྱོན་ཚབས་ཆེ་གཏོང་བཞིན་ཡོད་པར་བརྟེན། གཞོན་སྐྱེས་སློབ་ཕྲུག་རྣམས་ནས་ཁོར་ཡུག་སྲུང་སྐྱོབས་སླད་འགན་འཁུར་དགོས་པའི་རེ་སྐུལ་གནང་ཡོད། མཐར་བཀའ་བློན་མཆོག་གིས་སློབ་གྲྭའི་སློབ་ཕྲུག་རྣམས་འདིར་མཉམ་ཞུགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་གོ་རྟོགས་རྒྱ་ཆེ་སྤེལ་བར་གོ་སྒྲིག་ཚོགས་ཆུང་ལ་བསྔགས་བརྗོད་གནང་འདུག་པ་བཅས།།