ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཁྱིམ་སློབ་གྲྭ་ཁག་ལྔ་སོགས་ནས་ཁྱོན་བསྡོམས་སློབ་ཕྲུག་གྲངས་ ༡༤༧༧ དང༌། རྒྱ་གར་རྒྱལ་ཡོངས་མཐོ་སློབ་ཁག་ ༧༠ ནས་ཁྱོན་སློབ་མ་གྲངས་ ༥༢༨ ཕྱི་རྒྱལ་མཐོ་སློབ་ཁག་ ༢ ནས་སློབ་མ་གྲངས་ ༥ སོགས་ཁྱོན་ན་གཞོན་སློབ་མ་གྲངས་ ༢༨༠༠ ཙམ་དང་། དེ་བཞིན་སེར་སྐྱ་མི་མང་ ༥༥༠༠ བཅས་ཁྱོན་ཆོས་ཞུ་བ་མི་གྲངས་བརྒྱད་སྟོང་བརྒལ་བར་ཉིན་མཐའ་མའི་ནང་ཆོས་ངོ་སྤྲོད་སྐབས་ཐེ་ལནཌ་ནས་ཡིན་པའི་དགེ་སློང་ཧ་ཐའེ་ཕར་ཡ་ཐ་སུཐ་ Hatyai Pharyatha Suth ལགས་ཀྱི་སྣེ་ཁྲིད་འོག་ཐེ་ལནཌ་ནང་པའི་གནས་བརྟན་སྡེ་པའི་དགེ་སློང་གྲངས་ ༦༠ ཙམ་གྱིས་རྡ་ས་ནས་མ་ནཱ་ལི་བར་དང་། དེ་ནས་ལ་དྭགས་ཀྱི་རྒྱལ་ས་སླེ་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་ཆེད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཡོད།
དེ་ཡང་རྡ་ས་ཐའེ་དགེ་རྩ་ཚོགས་པའི་གོ་སྒྲིག་འོག་ས་ག་ཟླ་བའི་དུས་ཆེན་དང་སྟབས་བསྟུན་འཛམ་གླིང་ཞི་བདེ་དང་། བྱམས་བརྩེ། སྙིང་རྗེ་གོང་སྤེལ་གཏོང་སླད་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་འདི་ཉིད་སྤེལ་བ་ཞིག་ཡིན་འདུག་ཅིང་། གོམ་འགྲོད་དེ་བཞིན་བདུན་ཕྲག་གཉིས་ཀྱི་ནང་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་འགོ་འཛུགས་ཀྱིས་མ་ནཱ་ལི་བར་དང་། དེ་ནས་ལ་དྭགས་ཀྱི་རྒྱལ་ས་སླེ་བར་ཞི་བའི་གོམ་བགྲོད་གནང་རྒྱུ་ཡིན་འདུག
ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་ད
འདི་གའི་གསར་འགོད་པས་ཐེ་ལན་ཌི་དགེ་སློང་ཞིག་ལ་གོམ་བགྲོད་གནང་དགོས་དོན་སྐོར་ཞུས་པར། ཁོང་གིས་རྡ་ས་ཐའེ་དགེ་རྩ་ཚོགས་པས་གོམ་བགྲོད་འདི་ཉིད་གོ་སྒྲིག་ཞུས་དགོས་དོན་ནི།འཛམ་གླིང་སྤྱི་ཡོངས་ནང་བྱམས་བརྩེ་དང་། སྙིང་རྗེ། ཞི་བདེ་སོགས་གོང་སྤེལ་གཏོང་སླད་ཡིན་སྐོར་དང་། ད་ཐེངས་གོམ་བགྲོད་འདི་བཞིན་ཐེངས་གཉིས་པ་ཆགས་ཡོད། སྔ་ལོའི་ས་ག་ཟླ་བའི་དུས་ཆེན་སྐབས་རྡ་ས་ནས་ལ་དྭགས་བར་ཞི་བའི་གོམ་བགྲོད་བྱས་པ་ལྟར། འདི་ལོ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཏེ་རྡ་ས་ནས་མ་ནཱ་ལི་བར་དང་། དེ་ནས་ལ་དྭགས་ཀྱི་རྒྱལ་ས་སླེ་བར་གོམ་བགྲོད་བྱེད་རྒྱུ་ཡིན། ཞེས་གསུངས།
གཞན་ཡང་དགེ་སློང་གཞན་ཞིག་གིས་ཐེངས་འདིའི་གོམ་བགྲོད་ནང་མཉམ་ཞུགས་བྱེད་དགོས་དོན་ནི་འགྲོ་བ་མིའི་རིགས་ཀྱི་སེམས་ནང་ཞི་བདེ་གོང་འཕེལ་ཡོང་ཆེད་ཡིན་སྐོར་གསུངས།