ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༦ རེས་གཟའ་མིག་དམར།
༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༥ ཉིན་རྒྱ་གར་དབུས་གཞུང་གི་འགྲིམ་འགྲུལ་དང་རྒྱ་ལམ། མཚོ་ཐོག་སྐྱེལ་འདྲེན་དང་རྫས་སྦྱོར་བློན་ཆེན་སྐུ་ཞབས་མཱན་སུག་མཱན་དྷ་བྷི་ཡ་ Mansukh Mandaviya མཆོག་དང་། ཧི་མཱ་ཅལ་མངལ་སྡེའི་(BJP)ཆབ་སྲིད་ཚོགས་པའི་ཚོགས་མི་ཀི་ཤན་ཀ་པུར་ Kishan Kapoor མཆོག་གིས་གཙོས་མི་སྣ་བརྒྱད་ཙམ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་བསྐོར་ཕེབས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༢༠ ཙམ་གྱི་ཐོག་རྒྱ་གར་དབུས་གཞུང་གི་བློན་ཆེན་མཱན་སུག་མཱན་དྷ་བྷི་ཡ་ Mansukh Mandaviya མཆོག་དང་། ཧི་མཱ་ཅལ་མངལ་སྡེའི་(BJP)ཆབ་སྲིད་ཚོགས་པའི་ཚོགས་མི་ཀི་ཤན་ཀ་པུར་ Kishan Kapoor མཆོག་གིས་གཙོས་མི་སྣ་བརྒྱད་ཕེབས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྒྱུན་ལས་སྒྲོལ་མ་ཚེ་རིང་ལགས་དང་། བློ་བཟང་ཡེ་ཤེས་ལགས། དེ་བཞིན་ཚོགས་དྲུང་ལྷ་ཁང་ཚེ་རིང་སྟོབས་རྒྱལ་ལགས་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་གནང་།
དེ་རྗེས་སྤྱི་འཐུས་རྒྱུན་ལས་སྒྲོལ་མ་ཚེ་རིང་ལགས་དང་། བློ་བཟང་ཡེ་ཤེས་ལགས་རྣམ་གཉིས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་འགྲོ་ལུགས་དང་། སྤྱི་འཐུས་གྲངས་འབོར། དབུས་བོད་མིའི་སྒྲིག་འཛུགས་སོགས་ཀྱི་ཐོག་འགྲེལ་བཤད་ཟབ་མོ་གནང་བ་དང་། དེ་བཞིན་བོད་ཀྱི་གནས་སྟངས་སྤྱི་དང་། ལྷག་པར་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སོགས་ངོ་སྤྲོད་གནང་བར་བློན་ཆེན་མཆོག་གིས་དོ་སྣང་ཆེན་པོས་གསན་པ་དང་། ཐུགས་ཞིབ་ཚགས་པོས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སྟངས་དང་། འོས་བསྡུའི་འགྲོ་སྟངས། དེ་བཞིན་བོད་ཀྱི་གནས་སྟངས་དང་། སྤྱི་ལྷན་གྱི་འགྲོ་ལུགས་སོགས་ཀྱི་སྐོར་ལ་དྲི་བ་མང་པོ་འདོན་གནང་བར་སྤྱི་འཐུས་རྣམ་པས་ལན་འདེབས་གནང་ཡོད།
དེ་རྗེས་བློན་ཆེན་མཆོག་གིས་མི་རིགས་ཤིག་གི་འཐབ་རྩོད་ལ་ལོ་ངོ་ ༥༠ ནི་མང་པོ་མིན་པར་ཡིད་ཐང་ཆད་རྒྱུ་མེད་པ་དང་། མུ་མཐུད་སྔར་ལྷག་འབད་བརྩོན་བྱེད་དགོས་པ་དང་། རྒྱ་གར་དང་། རྒྱལ་སྤྱིའི་ནང་དྲང་བདེན་ལ་དགའ་བའི་གཞུང་དང་མི་མང་རྣམས་བོད་དང་བོད་མི་མཉམ་དུ་ཡོད་ཅེས་གསུངས། དེ་བཞིན་ཁོང་གིས་མ་འོངས་པར་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་སྐུ་ཚབ་ཚོགས་ཆུང་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་གྲོས་ཚོགས་གླེང་སྟེགས་(Parliamentant Forum) སུ་ཕེབས་སྐབས་ངེས་པར་དུ་མཇལ་འཕྲད་གནང་རྒྱུ་དང་། རྒྱབ་སྐྱོར་གནང་གི་ཡིན་ཞེས་ཞལ་བཞེས་བཟང་པོ་གནང་ཡོད། དེ་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མིང་ཐོག་ནས་བློན་ཆེན་མཆོག་དང་། ཧི་མཱ་ཅལ་མངའ་སྡེའི་(BJP)ཚོགས་མི་ Kishan Kapoor མཆོག་ལ་ཆེ་བསྟོད་ཀྱི་ཕྱག་རྟགས་འབུལ་གནང་ཡོད་པ་བཅས།།