༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་ India International Center དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བོད་ཀྱི་ཁོར་ཡུག་དང་ཨེ་ཤ་ཡའི་བདེ་འཇགས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཚོགས་འདུག
དེ་ཡང་སྐུ་མགྲོན་གཙོ་བོ་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ཚེ་དབང་རྒྱལ་པོ་ཨརྱ་ལགས་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་མ་ནི་ཤང་ཀར་ཨ་ཡར་ Mani shankar Aiyer མཆོག ལྡི་ལི་མཐོ་སློབ་ཀྱི་སློབ་དཔོན་ཨེམ་ཀེ་པཎྜིཏ་ MK Pandit ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས། རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཇེ་ཨེན་ཡུ་ JNU མཐོ་སློབ་ནས་བློ་བཟང་དབྱངས་མཚོ་ལགས་བཅས་ལྷན་འཛོམས་ཐོག་ལྡི་ལི་དོན་ཁང་གི་དྲུང་ཆེ་ཚེ་དབང་རྒྱལ་པོ་ཨརྱ་ལགས་ཀྱིས་བགྲོ་གླེང་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། ཧི་མ་ལ་ཡའི་ཁུལ་དུ་ཉམས་ཞིབ་མཐིལ་ཕྱིན་གནང་མཁན་གྱི་སློབ་དཔོན་ཨེམ་ཀེ་པཎྜིཏ་ལགས་ཀྱིས་ཧི་མ་ལ་ཡའི་རི་རྒྱུད་དང་དེའི་སྐྱེ་ལྡན་སྲོག་ཆགས་རྣམས་ཀྱི་གལ་གནད་སྐོར་ངོ་སྤྲོད་གནང་།
དེ་ནས་ཉམས་ཞིབ་པ་བསྟན་པ་རྒྱལ་མཚན་ལགས་ཀྱིས་བོད་མཐོ་སྒང་དང་། བོད་ནང་གི་ད་ལྟའི་ཁོར་ཡུག་གནས་སྟངས་སྤྱི་དང་། ལྷག་པར་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གནས་སྟངས་དེས་འཛམ་གླིང་སྤྱིའི་ཁོར་ཡུག་གནས་སྟངས་ལ་ཤུགས་རྐྱེན་ཇི་ཙམ་ཐེབས་མིན་སྐོར་དང་། ཉམས་ཞིབ་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་ཨེ་ཤི་ཡ་གླིང་ཆེན་གྱིས་བོད་ཀྱི་ཆུ་བོ་ཆེན་པོ་ཁག་ལ་ཇི་ལྟར་རྟེན་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནས་རྒྱལ་ཁབ་གཞན་ཁག་ཏུ་རྒྱུག་བཞིན་པའི་ཆུ་བོ་དེ་དག་ཐོག་སྲིད་བྱུས་ལག་བསྟར་བྱེད་ཕྱོགས་སྐོར་ཞིབ་ཕྲ་གསུང་།
དེ་རྗེས་མ་ནི་ཤང་ཀར་ཨ་ཡར་ལགས་ཀྱིས་རྒྱ་ནག་གཞུང་གིས་ཁོར་ཡུག་ཐོག་སྲིད་བྱུས་མི་མཐུན་པ་རྣམས་ངོ་སྤྲོད་དང་། ལྷག་པར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་དང་མཐུན་པ་བྱེད་ཀྱི་ཡོད་ཁུལ་བྱེད་བཞིན་ཡོད་ནའང་། དོན་དངོས་ཐོག་འཇིགས་སླ་བའི་མཐོ་སྒང་བོད་ཀྱི་ཁོར་ཡུག་གཏོར་བཤིག་གཏོང་བཞིན་ཡོད་སྐོར་སོགས་གསུང་།