ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༥
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༨ ཉིན་གྱི་ཕྱེད་ཡོལ་ཚུ་ཚོད་ ༢ ཙམ་ལ་རྡ་ས་མེག་གྷན་དུ་ཡོད་པའི་ནོར་བུ་མགྲོན་ཁང་དུ་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་སཾ་བྷོ་ཊ་དང་། བོད་སློབ་འཛིན་ཚོགས། མ་སུ་རི་བོད་ཁྱིམ། རྡ་ས་བོད་ཁྱིམ་བཅས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཁག་གི་སྤྱི་ཁྱབ་འགན་འཛིན་དང་། དྲུང་ཆེ། ངེས་སྟོན་པ། སློབ་སྤྱི། དགེ་ཆེ། རེག་ཊར། སྨན་པ། སྨན་ཞབས་པ་བཅས་ལ་སློབ་གྲྭའི་ཊི་བི་ནད་གཞི་སྔོན་འགོག་དང་འབྲེལ་བའི་ཟབ་སྦྱོང་དང་ཚོགས་འདུ་ཚོགས་ཡོད།
དེ་ཡང་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་འཕྲོད་བསྟེན་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་མཛད་སྒོའི་སྐུ་མགྲོན་གྱི་གཙོ་བོ་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་དང་། བདེ་ལེགས་སྨན་ཁང་གི་འགན་འཛིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས། བོད་ཁྱིམ་སྤྱི་ཁྱབ་འགན་འཛིན། མ་སུ་རི་བོད་ཁྱིམ་དྲུང་ཆེ། སློབ་གྲྭ་ཁག་གི་འཛིན་སྐྱོང་འགན་འཛིན་རྣམ་པ། སློབ་གྲྭའི་སློབ་སྤྱི་རྣམ་པ། སྨན་ཞབས་པ་བཅས་ཚང་འཛོམས་བྱུང་བར་དགའ་བསུའི་འཚམས་འདྲི་ཞུས་པ་དང་ལྷན། དེ་རིང་གི་བརྗོད་གཞི་ནད་རིགས་གློ་ནད་ཞེས་དེང་གི་སྤྱི་ཚོགས་སྤྱི་དང་། ལྷག་པར་བོད་པའི་སྤྱི་ཚོགས་ནང་དར་འཕེལ་འགྲོ་བཞིན་ཡོད་པ་ཚབས་ཆེ་ཡིན་སྐོར་དང་། འཕྲོད་བསྟེན་ལས་ཁུངས་ངོས་ནས་ཡིན་ནའང་ཆེད་དུ་དམིགས་ནས་ནད་རིགས་འདིའི་ཐོག་སྔོན་འགོག་དང་རྩ་མེད་དུ་འགྲོ་ཆེད་འབད་བརྩོན་བྱས་དང་བྱེད་མུས་ཡིན་བཅས་དང་། དེ་བཞིན་ལོ་ལྟར་བཞིན་ཟླ་ ༣ ཚེས་ ༢༤ ཉིན་གློ་ནད་ཉིན་མོ་ཞེས་སྲུང་བརྩི་ཞུས་པའི་ཐོག་སློབ་གྲྭ་དང་དགོན་སྡེ་ཁག དེ་མཚུངས་བོད་པའི་གཞིས་ཆགས་ཁག་ཏུའང་ནད་རིགས་འདིའི་སྐོར་ངོ་སྤྲོད་ཡིག་ཆ་སྤེལ་བ་དང་གོ་རྟོགས་སྤེལ་བཞིན་ཡོད་སྐོར་དང་།
དེ་དང་ལོ་ལྟར་བཞིན་རོབ་རྩིས་ཙམ་ཊི་བི་ནད་གཞི་ལྟ་རྟོག་ཁོ་ནའི་ཆེད་འབུམ་ ༢༤༡ ལྷག་ཙམ་འགྲོ་གྲོན་ཕྱིན་གྱི་ཡོད་པ་དེས་འབད་བརྩོན་གང་ཡོད་ཅི་ཡོད་བྱས་དང་བྱེད་མུས་ཡིན་པ་ཕྱོགས་གཅིག་ནས་མཚོན་ཐུབ། བོད་པའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཆེད་དུ་དམིགས་ནས་ཨ་རི་རོགས་དངུལ་ཚོགས་པ་ USAID ནས་རོགས་དངུལ་ཐོབ་ཐབས་བྱེད་མུས་དང་། དེའི་ཐོག་དམིགས་བསལ་ཞིབ་འཇུག་གི་སྙན་ཐོའི་ནང་། བོད་མིའི་མི་འབོར་བརྒྱ་ཆ་རྩིས་ན་གློ་ནད་ཡོད་མཁན་ཧ་ཅང་མང་པོ་་ཡོད་པ་དང་། དེའི་ནང་ནས་མང་ཆེ་བ་སློབ་གྲྭའི་ནང་གི་བོད་པའི་གཞོན་སྐྱེས་དང་། དགོན་སྡེ་ཁག་གི་གྲྭ་པ་རྣམས། སུད་ཚོང་དུ་བསྐྱོད་མཁན་བོད་མི་རྣམས་ནས་ཕོན་ཆེ་བ་མཐོང་ཞེས་སྙན་ཐོ་ལས་ཐོན་པ་བཅས་སོགས་ཀྱི་སྐོར་གསུངས་ཡོད།
དེའི་རྗེས་བདེ་ལེགས་སྨན་ཁང་གྱི་སྨན་པ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གློ་ནད་ནད་གཞིའི་གནས་སྟངས་དང་། དེ་སྔོན་འགོག་དང་རྩ་མེད་དུ་འགྲོ་ཐབས་བཅས་པའི་བརྗོད་གཞི་གཙོ་བོ་ཐོག་ལེ་ཚན་ལྔ་འབྱེད་ཡོད་པ་ལས། འཛམ་གླིང་སྤྱི་ཡོངས་ལ་གློ་ནད་ཀྱི་རྡོག་ཁྲེས་དང་ཚབས་ཆེ་སྟངས། བོད་པའི་སྤྱི་ཚོགས་ནང་གློ་ནད་ཚབས་ཆེ་སྟངས། གློ་ནད་འདིའི་རྒྱུ་རྐྱེན་དང་སྔོན་འགོག་དཀའ་ངལ་སེལ་ཐབས་དང་། གློ་ནད་རྩ་མེད་ལས་གཞིའི་ངོ་སྤྲོད་ཅེས་དོན་ཚན་ལྔའི་ཐོག་སྒྲོན་བརྙན་ (slide show ) དང་འབྲེལ་བའི་ཐོག་ནས་ཟབ་འཁྲིད་རྒྱས་ཤིང་རྒྱས་པར་གནང་།
དེ་ནས་སྤྱི་ཚོགས་འཕྲོད་བསྟེན་ཚན་པའི་འགན་འཛིན་སྨན་པ་བློ་བཟང་ཚེ་རིང་ལགས་ཀྱིས་སྒྲོན་བརྙན་ ( slide show ) བརྒྱུད་སློབ་གྲྭའི་ནང་ཁྱབ་བཞིན་པའི་ཊི་བི་གནས་སྟངས་དང་ནད་གཞི་འདིའི་སྔོན་འགོག་སྟངས་འཛིན་དང་བཅས་པའི་ཐོག་གསུང་བཤད་གནང་གྲུབ་རྗེས། སྐུ་མགྲོན་གཙོ་བོོ་ཤེས་རིག་བཀའ་བློན་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། དེ་རིང་གི་ཟབ་སྦྱོང་འདི་ནི་གནད་འགག་ཆེན་པོ་ཡིན་པ་དང་འབྲེལ་དགེ་རྒན་རྣམས་ནས་འགན་འཁུར་གྱིས་མ་འོངས་སོན་རྩ་སློབ་གྲྭའི་སློབ་ཕྲུག་རྣམས་ལ་ནད་གཞི་འདིའི་སྐོར་གོ་རྟོགས་ལེགས་པར་སྤེལ་བ་དང་། ནད་གཞི་འདིའི་རིགས་སློབ་གྲྭའི་ནང་ནས་རྩ་མེད་དུ་འགྲོ་རྒྱུའི་འབད་བརྩོན་སྤྱི་ཡོངས་གནང་དགོས་རྒྱུ་གལ་ཆེ། དེ་ཡང་ཉེ་ཆར་ཟླ་བ་གཉིས་ཙམ་གོང་བདེ་ལེགས་སྨན་ཁང་ནས་བྱང་ཕྱོགས་ཁུལ་གྱི་སློབ་གྲྭའི་ནང་གློ་ནད་རྩ་གཏོར་འགྲོ་རྒྱུའི་ (Zero TB in Tibetan kids) ལས་འགུལ་ཞིག་འགོ་འཛུགས་གནང་ཡོད་པ་འདི་ལ་ངས་བསྔགས་བརྗོད་ཞུ་གི་ཡིན། དེ་དང་མཚུངས་སློབ་གྲྭ་གཅིག་ཙམ་མིན་པར་སྤྱི་ཡོངས་ནས་གློ་ནད་འདི་རིགས་རྩ་མེད་ཡོང་ཆེད་སྔོན་འགོག་ཡོང་བར་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་རྒྱུ་ནི་ཚང་མའི་ཐོག་འགན་ཡོད་སྟབས། མིའི་འབད་བརྩོན་ཐོག་ཤུགས་རྒྱག་དགོས།
དེ་སྔ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་འཕྲོད་བསྟེན་ལ་འཐུས་ཤོར་ཕྱིན་ཡོད་པའི་བཀའ་སློབ་ཕེབས་ཡོད་པར་ཚང་མས་འགན་ཡོད་པའི་ཐོག་ནས་གང་ཡོང་ཅི་ཡོང་གནང་རྒྱུ་དང་། ང་ཚོའི་ཐོག་ནས་ཀྱང་ནད་རིགས་རྩ་མེད་ཡོང་བའི་འབད་བརྩོན་ཞུས་དང་ཞུ་མུས་ཡིན་ལ་གཙོ་བོ་སློབ་གྲྭའི་དགེ་རྒན་རྣམས་ཀྱིས་ཕྱགས་རོགས་གནང་དགོས་རྒྱུ་འདི་ཧ་ཅང་གི་གལ་ཆེ། ཁ་བཤད་ཙམ་མིན་པར་དོན་དངོས་ཐོག་ནད་གཞིའི་སྔོན་འགོག་ཐབས་ལམ་བཅས་ལག་བསྟར་དེ་བཞིན་ལས་གཞི་འདྲ་མིན་སྤེལ་བའི་ཐོག་ནས་གོ་རྟོགས་སྤེལ་བ་བཅས་གནང་དགོས། གློ་ནད་ཐོག་ལས་གཞི་བཟང་པོ་སྤེལ་གནང་མཁན་རྣམས་ལ་བསྔགས་བརྗོད་དང་བྱ་དགའ་གསོལ་རས་བཅས་གནང་བའི་ཐོག་སེམས་ཤུགས་སྤར་གནང་དགོས་རྒྱུ་་གལ་ཆེ་བར་མཐོང་།
མདོར་ན། གནད་ལ་འཁེལ་བའི་ཐབས་ཤེས་བཏང་ནས་འཆར་གཞི་ངེས་ཅན་བཞག་ནས་མཐར་གྲུབ་འབྲས་སྨིན་པ་བྱེད་ཐུབ་རྒྱུ་འདི་ཡིན། ཞེས་དང་། དེ་བཞིན་སློབ་གྲྭ་ཙམ་མིན་པར་དགོན་པ་གྲྭ་ཚང་བཅས་སྤྱི་ཡོངས་ལ་འགན་འཁུར་ཏེ་ལས་དོན་གནང་དགོས།
ཞིབ་འཇུག་བརྟག་དཔྱད་གནང་བའི་སྐབས་ཡིན་ནའང་སློབ་གྲྭའི་སློབ་ཕྲུག་ཙམ་མིན་པར་སློབ་གྲྭའི་ཕ་ཚབ་མ་ཚབ། མ་བྱན། སྨན་ཞབས་པ། དེ་བཞིན་དགེ་རྒན་རྣམས་ཀྱི་ལུས་པོ་ལའང་བརྟག་དཔྱད་གནང་རྒྱུ་གལ་ཆེ་མཐོང་། ཕྱི་རྒྱལ་ཁག་ནང་ཡིན་ན་ DOT (Direct observation Therapy) ཞེས་པའི་བརྒྱུད་ལམ་ཐོག་ནས་བརྟག་དཔྱད་གནང་གི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།