ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་ཁོངས་ཀུ་ལུར་རྟེན་གཞི་བྱས་པའི་སྤང་དགོན་རི་ཁྲོད་དགོན་པའི་སློབ་གྲྭ་གསར་འཛུགས་ཀྱི་དབུ་འབྱེད་མཛད་སྒོར་མཉམ་ཞུགས་གནང་ཡོད།
དབུ་མཛད་མཛད་སྒོའར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་རྣམ་གཉིས་སྤང་དགོན་རི་ཁྲོད་དགོན་པར་ཕེབས་འབྱོར་སྐབས་དགོན་པའི་མཁན་པོ་དང་། ཀུ་ལུ་ས་གནས་འགོ་འཛིན། ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན། ས་གནས་རང་བདེན་ཚོགས་གཙོ། ས་གནས་གཞོན་ནུ་དང་བུད་མེད་ཚོགས་གཙོ། དགོན་སྡེ་ཁག་གི་སྐུ་ཚབ། མི་མང་བཅས་སོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས།
དེ་ཡང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་ཡང་སྲིད་འཇིགས་མེད་བསྟན་འཛིན་འགྱུར་མེད་རིན་པོ་ཆེ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་དབང་སྤྲུལ་རིན་པོ་ཆེ། ཀུ་ལུ་ས་གནས་འགོ་འཛིན། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་འཐུས་མི་རྣམ་པ། མི་མང་བཅས་ལྷན་འཛོམས་ཀྱིས་ཐོག་མར་སྤང་དགོན་རི་ཁྲོད་དགོན་པ་དང་སློབ་གྲྭའི་འགན་འཛིན་མཁན་པོ་བསམ་གཏན་ཚེ་རིང་ལགས་ཀྱིས་ཕེབས་བསུ་གསུང་བཤད་དང་འབྲེལ་སྤང་དགོན་རི་ཁྲོད་དགོན་པའི་རྒྱབ་ལྗོངས་ལོ་རྒྱུས་དང་སྤང་དགོན་རི་ཁྲོད་དགོན་པའི་སློབ་གྲྭ་གསར་འཛུགས་གནང་དགོས་དོན་སྐོར་ངོ་སྤྲོད་གནང་།
དེ་ནས་ཆོས་རིག་བཀའ་བློན་མཆོག་གིས་སྐྱབས་རྗེ་ཐུབ་བསྟན་འོད་ཟེར་ཞེང་གཤེགས་དམ་པ་མཆོག་གིས་སྐུ་ཚེ་ཧྲིལ་པོའི་རིང་བོད་བརྒྱུད་ནང་བསྟན་མི་ཉམས་རྒྱུན་འཛིན་དང་། སྤང་དགོན་རི་ཁྲོད་དགོན་པ་རྒྱ་སྐྱེད་སོགས་ཀྱི་སླད་ཐུགས་འཁུར་ཧ་ཅང་ཆེན་པོ་མཛད་པར་ཆེ་བསྟོད་དང་། ཡང་སྲིད་འཇིགས་མེད་བསྟན་འཛིན་འགྱུར་མེད་རིན་པོ་ཆེ་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་ཁག་ལ་གསན་བསམ་སློབ་གཉེར་གནང་སྟེ་སྐུ་གོང་མའི་མཛད་རྗེས་ཁག་མུ་མཐུད་མཇུག་སྐྱོང་གནང་བཞིན་པར་མངགས་བརྗོད་ཞུས་གནང་བ་མ་ཟད། སློབ་གྲྭ་གསར་འཛུགས་ཀྱིས་གཞོན་སྐྱེས་རྣམས་ལ་ཤེས་ཡོན་གྱི་མཐུན་རྐྱེན་སྦྱོར་རྒྱུ་ནི་ལས་དོན་ལས་སླ་བོ་མིན་སྟབས། ཆོས་རིག་ལས་ཁུངས་ནས་མཐུན་འགྱུར་ཇི་འོས་གནང་རྒྱུ་ཡིན་སྐོར་སོགས་གསུང་། མཐར་མཁན་པོ་བསམ་གཏན་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་ལེགས་པར་གྲུབ་ཡོད་པ་བཅས།།
ཕྱི་ཚེས་ ༥ ནས་ ༨ བར་བཀའ་བློན་མཆོག་མ་ནཱ་ལི་དང་། སྦིར། ཅོན་ཏ་ར་ཁུལ་གྱི་དགོན་སྡེ་ཁག་ཏུ་འཚམས་གཟིགས་ཕེབས་རྒྱུ་ཡིན་འདུག་པ་བཅས།།