ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གངས་སྐྱིད་ལས་བྱེད་གསོལ་ཐབ་ཡང་སྟེང་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ལ་བཀའ་ཤག་སྐབས་ ༡༥ ལྔ་དང་ལྔ་བཅུའི་འཐབ་བྱུས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་དང་དེ་དག་བེད་སྤྱོད་གཏོང་ཕྱོགས། བོད་མི་ནང་ཁུལ་ཆིག་སྒྲིལ་གྱི་གལ་གནད་སོགས་ཀྱི་སྐོར་གསུང་བཤད་གཟབ་རྒྱས་གནང་ཡོད།
དེ་ཡང་སྐབས་དེར་ཐོག་མར་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་བསྟུན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། ཚང་མས་མཁྱེན་གསལ་རེད། ཟླ་རེའི་རེས་གཟའ་སྤེན་པ་དང་པོ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ནང་ཁུལ་འཛོམས་ཏེ་ལས་བྱེད་སོ་སོ་དང་། སྡེ་ཚན། ལྷན་ཁང་ཁག བོད་མིའི་སྒྲིག་འཛུགས་སྤྱི་ཡོངས་ནས་ཕྱག་ལས་གང་གནང་གི་ཡོད་པ་མཁྱེན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ལས་བྱེད་རྣམས་ས་གནས་ཁག་ཏུ་ཕེབས་པའི་སྐབས་ཤེས་རིག་སློབ་ཡོན་དང་། ཉམ་ཐག་སྐོར། སྨན་བཅོས་ལྟ་སྐྱོང་ལས་གཞི་སོགས་ཀྱི་སྐོར་དྲི་བ་འདྲི་བའི་སྐབས་སྲི་ཞུའི་ལས་བྱེད་ཡིན་སྟབས། ངོ་སྤྲོད་དང་ལམ་སྟོན་གནང་ཐུབ་དགོས་ཀྱི་ཡོད། དེར་བརྟེན་རེས་གཟའ་སྤེན་པ་དང་པོ་ནམ་ཡིན་སྐབས་ལྷན་ཁང་སོ་སོའི་ལས་བྱེད་རྣམས་འཛོམས་ཏེ་བཀའ་བསྡུར་ལྷུག་པོ་གནང་འབྲེལ་ཡོད་ལས་ཁུངས་སྐོར་ཆ་ཚང་མཁྱེན་པ་ཡིན་ན། ཐུགས་ཕན་གསོ་གི་རེད། ལྷན་ཁང་ཁག་གི་ལས་དོན་གནང་ཕྱོགས་སྐོར་བཀའ་བསྡུར་གནང་འགོ་བཙུགས་ཏེ་གང་ཙམ་འགྲོ་གི་ཡོད།
བཀའ་ཤག་ནང་བཀའ་བསྡུར་བྱུང་བ་བཞིན་སྐབས་རེ་བོད་མིའི་སྒྲིག་འཛུགས་སྤྱི་ཡོངས་སྐོར་ནང་ཁུལ་གོ་རྟོགས་སྤེལ་ཐུབ་ན་ཐུགས་ཕན་གསོ་གི་རེད་བསམས་པའི་ཐོག་ནས་ཟླ་བ་ལྔ་དྲུག་ཙམ་གྱི་སྔོན་ལའང་འདི་དང་འབྲེལ་བའི་སྙན་སེང་ཞུས་པ་ཡིན། ད་རེས་བསྐྱར་དུ་འཛོམས་ནས་གནད་དོན་འགའ་ཤས་ཐོག་དྲན་སྐུལ་ཚུལ་དུ་ཞུ་ན་དྲན་བྱུང་།
དང་པོ་ནི། ལྔ་དང་ལྔ་བཅུ་ཞེས་བཀའ་ཤག་ནས་གཞིས་ཆགས་ཁག་སོགས་ལ་གོ་རྟོགས་སྤེལ་དང་སྤེལ་མུས་རེད། འོན་ཀྱང་ལྷན་ཁང་ཁ་ཤས་ནང་ཆ་ཚང་མཁྱེན་མཁན་དང་ཁ་ཤས་ནང་ཆ་ཚང་བ་མ་མཁྱེན་མཁན་དེ་འདྲ་ཡང་ཡོད་སྲིད་པ་རེད། དེར་བརྟེན་དེའི་ཐོག་གཅིག་ཞུ་ན་དྲན་བྱུང་། གཉིས་པ་ནི། ཁ་སྔོན་སྔོན་རྩིས་དང་འབྲེལ་ནས་ཞུས་པ་བཞིན། ད་རེས་སྔོན་རྩིས་དང་འབྲེལ་བའི་ཐོག་ནས་གནད་དོན་རེ་གཉིས་ཐོག་ཞུ་རྒྱུ་ཡིན།
གསུམ་པ་ནི། སྲི་ཞུའི་ལས་བྱེད་སྤྱི་ཡོངས་ནང་སྤྱི་སེམས་དང་ལས་དོན་ཚགས་ཚུད་པོ་དགོས་ཀྱི་ཡོད་པ། ལྷག་པར་ལུང་ཚན་དང་ཆོལ་ཁའི་ཞེན་འཁོག་རིགས་རྩ་བ་ཉིད་ནས་གནང་རྒྱུ་མེད་པ་བཅས་ཀྱི་སྐོར་ཞུ་ན་སྙམ་བྱུང་།
ང་ཚོའི་ལས་དོན་ཚགས་ཚུད་པོ་ཡོད་པ་སྤྱི་ཚོགས་སྤྱི་ཡོངས་ནས་༧གོང་ས་མཆོག་གིས་དབུས་བླ་ཆེན་ཁག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་རྣམས་ནས་ཧ་ཅང་ཡག་པོ་བྱེད་ཀྱི་འདུག ཅེས་པའི་སྐོར་གཅིག་ཞུ་ན་དྲན་བྱུང་། དུས་འཁོར་དབང་ཆེན་ཐེངས་ ༣༤ དེ་ཉིད་ཧ་ཅང་ཚགས་ཚུད་པོ་བྱུང་སོང་ཞེས་༧གོང་ས་མཆོག་གིས་ཐེངས་གསུམ་བཞི་བཀའ་སྩལ་བ་མ་ཟད། བཀའ་བློན་རྣམ་པ་བཅར་བའི་སྐབས་སུའང་བཀའ་སྩལ་ཡོད་སྟབས། ༧གོང་ས་མཆོག་ནི་ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་རེད། གང་ཉིད་མཆོག་ཐུགས་སྤྲོ་བོ་བྱུང་བ་ཡིན་ན། དེ་ལས་ལྷག་ཞབས་སྤྱི་ཞུ་རྒྱུ་མེད། ༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་གནས་ཡོད། འཛམ་གླིང་སྤྱི་ཡོངས་ནང་ང་ཚོ་མགོ་བཀྱགས་ནས་འགྲོ་རྒྱུ་ཡོད།
རྒྱ་གར་གྱིས་གཙོས་འཛམ་གླིང་སྤྱི་ཡོངས་ནང་༧གོང་ས་མཆོག་ལ་དད་གུས་དང་བརྩི་བཀུར་ཧ་ཅང་ཞུ་བཞིན་ཡོད། དུས་འཁོར་དབང་ཆེན་ཐེངས་ ༣༤ ཡིན་ནའང་བཀའ་ཤག་གིས་འགན་འཁུར་ཏེ་ཚོགས་ཆུང་བཙུགས་པ་བཞིན། སྲི་ཞུ་བ་ཚང་མས་གཟབ་ནན་གྱིས་འབད་བརྩོན་གནང་བར་བརྟེན་ཚགས་ཆུད་པོ་བྱུང་བ་འཛམ་གླིང་ཡུལ་གྲུ་གང་དུ་ཕྱིན་པ་ཡིན་ནའང་ཧ་ཅང་བསྔགས་བརྗོད་གནང་གི་འདུག འདི་དགའ་འོས་པ་ཞིག་རེད། གློག་དང་ཆུ། གསང་སྤྱོད། སྡོད་གུར། སྡིངས་ཆ། དུས་འཁོར་དབང་ཆེན་རྗེས་ཁོར་ཡུག་གཙང་བཟོ་སོགས་གང་ཅིའི་ཐད་ཚང་མས་བསྔགས་བརྗོད་གནང་བ་དེས་གང་ཕན་ཐོགས་འདུག་ཅེ་ན། ད་རེས་དུས་འཁོར་དབང་ཆེན་དེ་ཚགས་ཆུད་ཤོས་བྱུང་སོང་། བོད་མིའི་སྒྲིག་འཛུགས་ནས་གོ་སྒྲིག་བྱས་པར་བརྟེན་གཞན་དང་འདྲ་གི་མི་འདུག ཅེས་པ་འདི་ཡོངས་གྲགས་རེད་འདུག འདིས་བོད་མིའི་སྒྲིག་འཛུགས་དང་སྲི་ཞུའི་ལས་བྱེད་ལ་ཆེ་མཐོང་ཡོང་གི་ཡོད། འདི་ཧ་ཅང་རྩ་ཆེན་པོ་རེད་བསམས་ཀྱི་ཡོད། དུས་རྒྱུན་དུ་ང་ཚོར་སྤྱི་སེམས་དགོས་རྒྱུ་གལ་ཆེན་པོ་རེད།
གཞན་ཡང་ང་ཚོའི་གཞུང་འབྲེལ་མཛད་སྒོར་བསྔགས་བརྗོད་གནང་མཁན་མང་པོ་ཡོང་གི་འདུག བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱ་དང་བརྙན་འཕྲིན་ཁག་གཟིགས་མཁན་ཧ་ཅང་མང་པོ་ཡོད་པ་མ་ཟད། དེ་དག་གནས་ཚུལ་འབྱུང་ཁུངས་ལྟ་བུ་ཆགས་ཡོད། དེ་བཞིན་བུད་མེད་ནུས་སྟོབས་གོང་སྤེལ་དང་འབྲེལ་བའི་སྲིད་བྱུས་གཏན་འབེབས་དང་། ཟབ་སྦྱོང་བ་རྣམས་༧གོང་ས་མཆོག་གི་མཇལ་ཁ། ཚོགས་འདུ། གཙུག་ལག་ཁང་དུ་ཕྱི་ཟླ་ ༣་ཚེས་ ༡༢ ཉིན་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་ཞུས་པ་སོགས་སྤྱི་ཡོངས་ནས་དེ་དག་ཚང་མ་ཡག་པོ་བྱུང་བར་བརྟེན། ད་བར་སྲི་ཞུ་བ་ཚང་མས་འགན་འཁུར་བླངས་བར་བསྔགས་བརྗོད་དང་འབྲེལ་ངས་བཀའ་ཤག་གི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་།
གཞན་ཡང་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་ཆབ་སྲིད་འཕོ་འགྱུར་སྐོར་དང་། བཀའ་ཤག་སྐབས་ ༡༥ ལྔ་དང་ལྔ་བཅུའི་འཐབ་བྱུས་སྐོར། གངས་སྐྱིད་ཀྱི་ལས་ཁུངས་ཡོངས་རྫོགས་བོད་ལུགས་ལྟར་བཟོ་འཆར་དང་ལས་ཤག་གསར་རྒྱག་གི་ལས་གཞི་མུ་མཐུད་འགྲོ་བཞིན་ཡོད་སྐོར། རྒྱ་གར་གཞུང་གིས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་མཐུན་རྐྱེན་སྦྱོར་སྤྲོད་ཀྱི་སྲིད་བྱུས་སོགས་ཀྱི་གསུང་བཤད་གནང་།།