༢༠༡༧ ཟླ་ ༥ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །རྒྱ་གར་ནང་གི་གསར་འགྱུར་ཚན་པ་གྲགས་ཅན་ཨིན་ཌེན་ཨེཀཔི་རེས་ Indian Express Adda ཞེས་པས་གོ་སྒྲིག་གནང་བའི་འདུ་འཛོམས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་གྱིས་ཕྱི་ཚེས་ ༢༤ ཉིན་མགོན་པོ་གང་ཉིད་མཆོག་སྟོན་འཁོར་དང་བཅས་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ས་གནས་སུ་༸ཞབས་སོར་བདེ་བར་འཁོད་མཚམས་ཚན་པའི་འགན་འཛིན་སྐུ་ཞབས་ཨནནྟ་གྷོཡིན་ཀ་ Anant Goenka ལགས་སོགས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དེ་རྗེས་བཞུགས་གྲལ་དུ་འཁོད་མཚམས་ཚན་པའི་འགན་འཛིན་གྱིས་ཐོག་མར་དེར་འདུས་ཚོགས་བཅར་བ་རྣམས་ལ་༸གོང་ས་མཆོག་ངོ་སྤྲོད་ཞུ་དོན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཚེ་མེད་ཞི་བའི་ལམ་ནས་བོད་མིའི་རང་དབང་འཐབ་རྩོད་མཛད་མཁན་ཞིག་དང་བྱམས་བརྩེ་གོང་འཕེལ་གཏོང་གནང་མཛད་མཁན་ཞིག་ཡིན་པ་འཛམ་གླིང་ཡོངས་སུ་གྲགས་ཡོད། ཁོང་ནི་གང་ཟག་གཞན་སུ་དང་འགྲོག་སྐབས་༸ཞལ་རས་འཛུམ་མདངས་ངང་བསུ་མཁན་ཞིག་ཡིན། ཞེས་ངོ་སྤྲོད་ཞུས་གྲུབ་མཚམས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
ང་ཚོ་མི་ནི་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་པའི་སྲོག་ཆགས་ཤིག་རེད། བྱམས་བརྩེའི་འདུ་ཤེས་ཐོག་ནས་གཞན་གྱི་བདེ་སྡུག་ལ་སེམས་ཁུར་བྱ་རྒྱུ་དེས་སྤྱི་ཚོགས་ནང་འཆམ་མཐུན་སྐྲུན་བཞིན་ཡོད། ཚན་རིག་པས་བརྟག་དཔྱད་ཀྱི་ལམ་ནས་གཞི་རྩའི་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ར་སྤྲོད་བྱུང་ཡོད་སྟབས་བཟང་ཕྱོགས་ཀྱི་རེ་བ་བཅོལ་ས་ཞིག་ཡོད། དུད་འགྲོས་འཚེ་བ་བྱེད་ཀྱང་དམག་དྲངས་རྒྱུ་འདི་མིས་མ་གཏོགས་དུད་འགྲོས་བྱ་རྒྱུ་མ་རེད།
ད་ཆ་ཕྲན་བུ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་བཞིན་ཡོད། དེ་སྔ་དུས་རབས་ ༢༠ འགོ་སྟོད་སྐབས་རྒྱལ་ཁབ་གཅིག་གིས་གཞན་ལ་དམག་འདྲེན་སྐབས་མང་ཚོགས་རྣམས་ཀྱིས་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱས་ནས་རྒྱག་གཅིག་མཆོངས་གཅིག་བྱེད་སྲོལ་ཡོད། འོན་ཀྱང་དུས་རབས་ ༢༠ ད་གའི་མཇུག་ཙམ་ལ་གནས་སྟངས་དེར་འགྱུར་བ་ཕྱིན་ནས་དཔེར་ན་ཨ་རིས་ཝི་ཏི་ནམ་ Vietnam ལ་དམག་རྒྱག་སྐབས་ཨ་རི་མི་མང་ཧ་ཅང་མང་པོས་ངོ་རྒོལ་བྱས་ཡོད། དེ་ཙམ་མ་ཟད་ཨི་རག་ Iraq ལ་དམག་རྒྱག་སྐབས་འཛམ་གླིང་ཁྱོན་ཡོངས་ནས་མི་མང་ས་ཡ་མང་པོས་ངོ་རྒོལ་བྱས་ཡོད།
ངོས་ཀྱིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ལ་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད། སྤྱི་པའི་མངོན་འདོད་རྣམས་བསྒྲུབ་ཆེད་སྒེར་གྱི་ཁེ་ཕན་བློས་གཏོང་བྱས་པ་རེད། སྒྲིག་ཁོངས་སུ་ཡོད་པའི་རྒྱལ་ཁབ་དེ་དག་ལོ་རྒྱུས་ཐོག་ནས་ཕན་ཚུན་དམག་འཁྲུག་དང་འཛིང་རེས་ཧ་ཅང་བཏང་མྱོང་ཡོད། འོན་ཀྱང་ད་ཆ་སྒྲིག་འཛུགས་གཅིག་འོག་འཆམ་མཐུན་ངང་གནས་བཞིན་ཡོད། འདི་ནི་མིའི་རྣམ་དཔྱོད་ལ་བརྟེན་ནས་བྱུང་བ་ཞིག་རེད། ཅེས་བཀའ་སློབ་སྩལ་རྗེས་འཚེ་བ་མེད་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་མིན་གྱི་དྲི་བར་བཀའ་ལན་མཛད་དོན། འདི་ནི་ང་ཚོའི་འབད་བརྩོན་ལ་རག་ལས་ཡོད། ཕན་ཚུན་དོགས་པ་སེལ་རྒྱུའི་ལག་ཆ་མཆོག་ནི་མཛའ་བརྩེའི་འབྲེལ་ལམ་བཟོ་རྒྱུ་དེ་ཡིན།
ང་ཚོ་འདིར་ལྷོད་ལྷོད་བྱས་ནས་ཞི་བདེ་བག་ཕེབས་ངང་གནས་ཡོད། འོན་ཀྱང་འཛམ་གླིང་ས་ཕྱོགས་གཞན་དང་གཞན་དུ་ད་ལྟ་གསོད་རེས་བྱེད་བཞིན་ཡོད། འགའ་ཤས་ཆོས་མིང་ཁ་ལ་འཁྱེར་བྱེད་ནས་བག་ཚ་བ་མེད་པར་མི་གསོད་ཁྲག་སྦྱོར་གྱི་ལས་ལ་འཇུག་བཞིན་ཡོད། དམག་འཁྲུག་སྐབས་བྱིས་པ་ཉེས་མེད་རྣམས་ལྟོགས་ཤི་ཐེབས་ནས་དཀའ་སྡུག་ཧ་ཅང་མྱོང་བཞིན་ཡོད།
དཀའ་ངལ་དེ་དག་ལ་ང་ཚོས་བཟང་ངན་གྱི་ཡ་ལན་གང་ཡང་མ་བྱས་པར་དེ་མུར་འཇོག་ཐབས་རྩ་བ་ནས་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད། བོད་མིའི་སྤྱི་ཚོགས་ཁྲོད་བུད་མེད་ཀྱི་ཐོབ་ཐང་དང་དགེ་བཤེས་མའི་ལམ་སྲོལ། དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་ལམ་བཟང་གསར་གཏོད་མཛད་པའི་སྐོར་དང་། ལྷག་པར་༸རྒྱལ་བའི་ཡང་སྲིད་སྐོར་དང་བོད་ཀྱི་ཁོར་ཡུག རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྩལ།།