༢༠༡༧ ཟླ་ ༥ ཚེས་ ༢༤ རེས་གཟའ་ལྷག་པ།
༄༅། །ཨ་རིའི་ཨ་ཡོ་ཝ་ Iowa མངའ་སྡེའི་སྲིད་སྐྱོང་ Governor སྐུ་ཞབས་ཊེ་རི་བྷ་རན་སི་ཊ་ཌི་ Terry Branstad མཆོག་རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་གསར་པར་བསྐོ་གཞག་གནང་བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དགའ་བསུའི་འཚམས་འདྲི་ཞུས་པའི་ནང་འཁོད་དོན། སྐུ་ཉིད་མཆོག་རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་གསར་པར་བསྐོ་གཞག་གནང་བར་ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན།
སྐུ་ཉིད་མཆོག་ནི་ལོ་མང་རིང་ནས་རྒྱ་ནག་ནང་ཕྱག་ལས་གནང་བའི་ཉམས་མྱོང་ཡོད་པ་མ་ཟད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་ Xi Jinping དང་ལྷན་མཐུན་གཤིབ་བཟང་པོ་ཡོད་པར་བརྟེན་ཨར་རྒྱ་སྟོབས་ཆེན་རྒྱལ་ཁབ་གཉིས་ཕྱར་གྲུ་མཉམ་འདེགས་ཐོག་འཛམ་གླིང་ནང་གི་རྩོད་རྙོག་རྣམས་སེལ་ནས་ཞི་བདེ་བསྐྲུན་རྒྱུར་མཐུན་རྐྱེན་ཞིག་ཏུ་འགྱུར་ངེས་ཡིན།
རྒྱ་ནག་གཞུང་གིས་ཡུལ་དེའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དེ་རྒྱལ་སྤྱིའི་གནས་བབ་ཐོག་འཁྲིད་ཐུབ་མིན་རྟོག་ཞིབ་གནང་དགོས་པ་ནི་སྐུ་ཉིད་མཆོག་ཨ་རིའི་གཞུང་ཚབ་པ་ཞིག་ཡིན་པའི་ངོས་ནས་འགན་དབང་ཞིག་ཀྱང་ཡོད། དེར་བརྟེན་དེ་སྔའི་ཨ་རིའི་གཞུང་ཚབ་པ་རྣམ་པ་དང་ཕྱོགས་མཚུངས་སྐུ་ཉིད་མཆོག་གིས་ཀྱང་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཡར་རྒྱས་གཏོང་ཆེད་རྒྱ་ནག་འགོ་ཁྲིད་ཚོ་དང་ལྷན་འབྲེལ་བ་མུ་མཐུད་གནང་རྒྱུ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱུན་སྐྱོང་བྱེད་བཞིན་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་ཀྱི་གནད་དོན་གསལ་ནས་བོད་རིགས་ཡོངས་ལ་དོན་དམ་རང་སྐྱོང་གི་གནས་བབ་ཐོབ་ཆེད་རྒྱབ་སྐྱོར་གནང་རྒྱུར་ང་ཚོས་རེ་བ་ཞུ་བཞིན་ཡོད། ཅེས་འཁོད། སྤྱིར་གཞུང་ཚབ་གསར་པ་ཁོང་ལ་ཨ་རིའི་གྲོས་ཚོགས་གོང་མའི་ནང་རྒྱ་ནག་ནང་གི་ཨ་རིའི་གཞུང་ཚབ་གསར་པར་འོས་འཕེན་སྐབས་ཆབ་སྲིད་ཚོགས་པ་གཉིས་ལས་སྤྱི་མཐུན་ཚོགས་པས་རྒྱབ་སྐྱོར་གྱི་འོས་གྲངས་ ༨༢ བླུགས་པ་དང་མང་གཙོ་ཚོགས་པས་དགག་བྱའི་འོས་གྲངས་ ༡༣ བླུགས་ནས་ཁོང་ལ་འོས་ཐོབ་འདུག་པ་བཅས།།