༢༠༡༠ ཟླ་ ༡༠ ཚེས་ ༢༨ རེས་གཟའ་ཕུར་བུ།
༅༅། །ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༡ ཉིན་ལྷོ་ཨ་ཕི་རི་ཁའི་མངའ་སྡེ་གྲོས་ཚོགས་ནང་ (Devotion & Defiance) ཞེས་པའི་བོད་མི་ཚོས་ཆོས་ལུགས་རང་དབང་གི་འཐབ་རྩོད་དང་འབྲེལ་བའི་གློག་བརྙན་ཞིག་གྷོ་ཊེང་མངའ་སྡེའི་གྲོས་ཚོགས་ (Gauteng Provisional Legislature) ཀྱི་གྲོང་ཁྱེར་ཚོགས་ཁང་དུ་མང་གཙོ་མཐུན་ཕྱོགས་ཚོགས་པའི་ཚོགས་མི་རྣམས་ལ་བསྟན་ཡོད། སྐབས་དེར་མང་གཙོ་མཐུན་ཕྱོགས་ཚོགས་པའི་ལམ་སྟོན་ཚོགས་ཆུང་གི་དབུ་ཁྲིད་སྐུ་ཞབས་ཇོན་མུ་ཌི་ (John Moodey) ལགས་ཀྱིས་གཙོས་ཚོགས་མི་གཞན་རྣམས་ནས་ལེ་ཊལ་ཊོན་ (Lyttelton) ནང་རྟེན་གཞི་བྱས་པའི་ལྷོ་ཨ་ཕི་རི་ཁའི་བོད་གཞུང་སྐུ་ཚབ་དོན་གཅོད་བསོད་ནམས་བསྟན་འཛིན་ལགས་ལ་སྣེ་ལེན་གཟབ་རྒྱས་ཞུས་ཡོད། གློག་བརྙན་མ་བསྟན་གོང་བོད་གཞུང་སྐུ་ཚབ་དོན་གཅོད་ཀྱིས་བོད་དོན་ཐོག་གསུང་བཤད་གནང་དོན། རྒྱ་ནག་དམར་ཤོག་ཚོགས་པས་བོད་དེ་དབང་འཛིན་བྱས་པ་ནས་བཟུང་རྒྱ་ནག་གི་ཆ་ཤས་ཡིན་སྐོར་འཛམ་གླིང་ནང་རྫུན་གཏམ་སྤེལ་བཞིན་ཡོད་ནའང་དངོས་ཡོད་གནས་ཚུལ་ལ་བོད་དེ་ཕྱི་ལོ་ ༡༩༤༩ དང་ ༡༩༥༠ ལོར་རྒྱ་ནག་གིས་བཙན་འཛུལ་མ་བྱས་གོང་རང་དབང་གཙང་མའི་རྒྱལ་ཁབ་གཅིག་ཡིན། ལོ་རྒྱུས་ཐོག་ཡོད་པའི་དངོས་ཡོད་གནས་ཚུལ་དེ་དག་སྦས་གསང་བྱས་ཏེ་རྩིས་མེད་གཏོང་ཐུབ་ཐབས་མེད། ཕྱི་ལོ་ ༡༩༥༩ ནས་བཟུང་རྒྱ་ཆེའི་བོད་མི་ས་ཡ་དྲུག་གིས་དཀའ་སྡུག་ཚད་མེད་མྱངས་ཡོད་པ་མ་ཟད། ད་དུང་ཡང་མུ་མཐུད་གཅིག་བསྡུས་དབང་འཛིན་རིང་ལུགས་ཀྱི་གནོན་ཤུགས་འོག་སྡུག་སྦྱོང་མྱངས་དང་མྱོང་བཞིན་ཡོད། བློ་ཕམ་དགོས་པ་ཞིག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བོད་དོན་ཐོག་འདས་པའི་གྲོས་ཆོད་རྣམས་ལག་བསྟར་མཇུག་སྐྱོང་གནང་རྒྱུར་ལྷག་ཡོད། རྒྱ་ནག་གཞུང་གིས་གོ་སྐབས་ནམ་བྱུང་ལ་སྟོབས་ཤུགས་བེད་སྤྱོད་བྱས་ཏེ་བོད་ཀྱི་གནད་དོན་གླེང་བཅུག་གི་མེད། དེ་བཞིན་རྒྱ་ནག་གཞུང་གིས་གཞིས་ལུས་བོད་མི་ཚོར་༸གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་དང་། ནང་པའི་དུས་ཆེན་སྐབས་ཞལ་འདོན་གསུང་འདོན་གནང་རྒྱུ། བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་རྒྱུ་སོགས་ཀྱི་ཐོག་བཀག་སྡོམ་བྱེད་བཞིན་ཡོད་པ་མ་ཟད། བོད་པའི་དགེ་འདུན་པ་དང་བཙུན་མ། ཤེས་ཡོན་ཅན་རྣམས་ལ་དྲག་གནོན་ཐོག་རྒྱལ་གཅེས་ཆོས༌གཅེས་ཟེར་བའི་སློབ་འཁྲིད་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨད་ཞུ་རུ་བཅུག་པ་སོགས་བྱེད་མུས་ཡིན་ཞེས་གསལ་བཤད་གནང་བ་དང་སྦྲགས་མུ་མཐུད་གསུང་དོན། ༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་ལ་བོད་རྒྱའི་དཀའ་རྙོག་སེལ་ཆེད། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དང་དེའི་འགྲེལ་བཤད་ཕུལ་བ་དེས་རང་ཕྱོགས་ནས་ལྷག་བསམ་རྣམ་དག་ཡིན་པ་མཚོན་བཞིན་ཡོད་ཅེས་གསུངས་པ་དང། ཕྱོགས་མཚུངས་སྐུ་ཚབ་དོན་གཅོད་ཀྱིས་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་བོད་མི་ས་ཡ་དྲུག་གི་དཀའ་སྡུག་སེལ་ཆེད་ལྷོ་ཨ་ཕི་རི་ཁའི་གཞུང་དང། གྲོས་ཚོགས། མི་མང་བཅས་ནས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད། དེ་ནས་གློག་བརྙན་བསྟན་གྲུབ་མཚམས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་སྐུ་ཚབ་དོན་གཅོད་དང་ལྷན་དྲི་བ་དྲིས་ལན་གནང་ཡོད། སྐབས་དེར་མང་གཙོ་མཐུན་ཕྱོགས་ཚོགས་པའི་ལམ་སྟོན་ཚོགས་ཆུང་གི་དབུ་ཁྲིད་སྐུ་ཞབས་ཇོན་མུ་ཌི་ལགས་ཀྱིས་གློག་བརྙན་དེ་ནས་བོད་ཀྱི་གནས་ཚུལ་མང་པོ་ཤེས་རྟོགས་ཐུབ་པབྱུང་བ་མ་ཟད། ཁོང་གི་ཚོགས་པས་བོད་དོན་ལ་རྒྱབ་སྐྱོར་གྱི་ལངས་ཕྱོགས་གཟུང་རྒྱུའི་ལས་འཆར་འགོ་འཛུགས་གནང་རྒྱུ་ཡིན་སྐོར་ཁས་ལེན་ཡང་གནང་ཡོད་པ་བཅས།།
ལྷོ་ཨ་ཕི་རི་ཁའི་མངའ་སྡེའི་གྲོས་ཚོགས་ནང་བོད་དོན་སྐོར་གྱི་གློག་བརྙན་བསྟན་པ།
གསར་གནས།
འབྲེལ་གནས།