༢༠༡༧ ཟླ་ ༥ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༣ རེས་གཟའ་མིག་དམར་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་སྦེང་ལོར་དུ་རྒྱ་གར་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་དང་ཌ་ལིཏ་དབུ་ཁྲིད་སྐུ་ཞབས་བྷི་ཨར་ཨེམ་བྷེ་དི་ཀར་ Dr.B.R. Ambedkar མཆོག་གི་འཁྲུངས་སྐར་དུས་ཆེན་ཐེངས་ ༡༢༥ འཁོར་བའི་མཛད་སྒོར་དབུ་བཞུགས་མཛད་ནས་སྤྱི་ཚོགས་དྲང་བདེན་དང་སྐུ་ཞབས་བྷི་ཨར་ཨེམ་བྷེ་དི་ཀར་ Justice and Dr.B.R. Ambedka མཆོག ཅེས་པའི་བརྗོད་གཞིའི་ཐོག་བླང་དོར་བཀའ་སློབ་སྩལ་འདུག
དེ་ཡང་ཕྱི་ཚེས་ ༢༢ ཉིན་མགོན་པོ་གང་ཉིད་མཆོག་ལྡི་ལི་ནས་མཁའ་ལམ་བརྒྱུད་སྦེང་ལོར་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ཀར་ན་ཊ་ཀ་མངའ་སྡེའི་སྤྱི་ཚོགས་བདེ་དོན་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ཨེཅ་ཨམ་ཇ་ནེ་ཡ་ Shri H Amjaneya མཆོག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
ཕྱི་ཉིན་༸གོང་ས་མཆོག་བཞུགས་གནས་གསོལ་མགྲོན་ཁང་ནས་མཛད་སྒོ་འཚོག་ཡུལ་ Dr Ambedkar Bhavan ཞེས་པ་དེར་ཆིབས་སྒྱུར་བཀའ་དྲིན་སྐྱོང་སྐབས་ཕེབས་ལམ་དུ་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་མི་སེར་སྐྱ་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས། མེ་ཏོག་སོགས་ཐོགས་ཏེ་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
སྐབས་དེར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སིདྡྷ་རམྨི་ཡ་ Siddaramaiah མཆོག་དང་རྒྱ་གར་དབུས་གཞུང་གི་མེ་འཁོར་བློན་ཆེན་ཟུར་པ་སྐུ་ཞབས་མ་ལིཀ་ཨརྗུན་ཁར་གྷེ་ Malikarjuna Kharge མཆོག་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུའི་འཚམས་འདྲི་གཟབ་རྒྱས་ཞུ་སྐབས་མགོན་པོ་གང་ཉིད་མཆོག་གིས་ཀྱང་ཐུགས་འདྲིས་ཧ་ཅང་ཉེ་བའི་གྲོགས་པོ་རྙིང་པ་རྣམས་སླར་ཡར་མཇལ་འཕྲད་བྱུང་བར་ཐུགས་དགྱེས་ཚོར་ཆེན་པོ་མཛད་ནས་ཚོགས་ཁང་ཕྱོགས་སུ་ཆིབས་སྒྱུར་བསྐྱངས། ཚོགས་ཁང་ནང་༸གོང་ས་མཆོག་ཕེབས་སྒུག་ཞུ་བཞིན་པའི་མི་གྲངས་ ༡༢༠༠ ལྷག་གིས་དགའ་བསུའི་འཚམས་འདྲི་ཤུགས་ཆེ་ཞུས་རྗེས་མགོན་པོ་གང་ཉིད་མཆོག་གིས་ཀྱང་ཐུགས་དགྱེས་ཚོར་ཆེན་པོས་གསེར་༸ཞལ་འཛུམ་མདངས་དང་བཅས་མང་ཚོགས་ལ་ཕྱག་གཉིས་ཐལ་མོ་སྦྱར་བ་དང་ཕྱག་གཡུག་མཛད་པ་སོགས་འཚམས་འདྲི་མཛད།
དེ་རྗེས་བཞུགས་གྲལ་དུ་འཁོད་མཚམས་ཐོག་མར་༸གོང་ས་མཆོག་དང་མངའ་སྡེའི་བློན་ཆེན་སོགས་ཀྱིས་སྣང་གསལ་ཞལ་ཕྱེ་མཛད་པ་མ་ཟད། ༸གོང་ས་མཆོག་གིས་མཛད་པའི། བྱམས་པ་དང་བརྩེ་བ། Love and Compassion ཞེས་ཀར་ན་ཊ་ཀའི་སྐད་ཡིག་ནང་ཕབ་སྒྱུར་ཞུས་པའི་ཕྱག་དེབ་དབུ་འབྱེད་མཛད།
དེ་རྗེས་སྐུ་ཞབས་མ་ལིཀ་ཨརྗུན་ཁར་གྷེ་མཆོག་གིས་སྐུ་ཞབས་བྷི་ཨར་ཨེམ་བྷེ་དི་ཀར་ Dr Ambedkar དམ་པ་ཁོང་གི་བྱས་རྗེས་ལ་བསྔགས་བརྗོད་དང་སྦྲགས། དམ་པ་ཁོང་ནི་རྒྱ་གར་གྱི་རྩ་ཁྲིམས་སྲོལ་གཏོད་གནང་མཁན་ཞིག་ཡིན་པ་ཙམ་མ་ཟད། སྐུ་ཚེའི་སྨད་ལ་སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲང་ནས་རྒྱ་གར་སྤྱི་ཚོགས་ནང་རིགས་དམན་པར་བརྩི་བཞིན་པའི་ཌ་ལིཏ་ས་ཡ་མང་པོའི་དབུ་ཁྲིད་གནང་སྟེ་སྤྱི་ཚོགས་ནང་དྲང་བདེན་གཅིག་མཚུངས་ཡོང་སླད་འཐབ་རྩོད་ཧ་ཅང་གནང་ཡོད་སྐོར་གསུངས།
གཞན་ཡང་ཁོང་གིས་མངའ་སྡེའི་ཀ་ལ་བྷུ་ར་གི་ Kalaburagi ཞེས་པའི་ས་གནས་སུ་གནའ་བོའི་ནང་པའི་དགོན་པའི་ཤུལ་རྙེད་པ་དེར་༸གོང་ས་མཆོག་ཕྱི་ལོ་ ༢༠༠༩ ལོར་ཆིབས་སྒྱུར་བསྐྱངས་གནང་མཛད་པ་དང་། དེང་སྐབས་སུ་མཚོན་ནའང་གནས་དེར་ས་ག་ཟླ་བ་ནམ་ཡིན་སྐབས་དང་བྷི་ཨར་ཨེམ་བྷེ་དི་ཀར་མཆོག་ནང་པར་འགྱུར་བའི་དུས་ཆེན་ཉིན་དད་ལྡན་ནང་པའི་རྗེས་འབྲང་པ་སྟོང་ཕྲག་མང་པོ་གནས་མཇལ་དུ་ཕེབས་བཞིན་ཡོད་སྐོར་སྙན་སེང་ཞུས། ལྷག་པར་དམ་པ་དེ་ཉིད་སྐུ་འཚོ་བཞུགས་རིང་རྒྱལ་ཞེན་ལྷག་བསམ་རབ་ཏུ་དཀར་བ་མ་ཟད། རྒྱ་གར་རང་བཙན་འཐབ་རྩོད་སྐབས་མེས་པོ་དམ་པ་གྷན་དཱི་མཆོག་དང་ལྷན་སྐབས་རེ་ཌ་ལིཏ་ Dalits རིགས་དམན་པ་ཚོའི་ཐོབ་ཐང་ཐོག་དགོངས་ཚུལ་མི་མཐུན་པའང་བྱུང་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་༸གོང་ས་མཆོག་ནི། འཚེ་མེད་ཞི་བ་གོང་འཕེལ་གཏོང་གནང་མཁན་གྱི་རླབས་ཆེན་གྱི་དབུ་ཁྲིད་ཅིག་ཡིན་སྐོར་སོགས་གསུངས་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
འཛམ་གླིང་ནང་མི་གྲངས་ཐེར་འབུམ་བདུན་ཡོད་པ་རྣམས་གཞི་རྩའི་ཆ་ནས་འགྲོ་བ་མི་རིགས་གཅིག་གྱུར་རེད། དེར་བརྟེན་ངོས་ཀྱིས་གཏམ་བཤད་འགོ་འཛུགས་སྐབས་བརྩེ་བའི་སྤུན་མཆེད་ཕོ་མོ། ཞེས་བརྗོད་ཀྱི་ཡོད། ང་ཚོ་ཚང་མ་ཐོག་མར་སྐྱེ་སྟངས་དང་མཐར་འཆི་སྟངས་གཅིག་མཚུངས་རེད། དེར་བརྟེན་ང་ཚོ་སོན་པའི་རིང་ཚང་མས་མི་ཚེ་བདེ་ཞིང་སྐྱིད་པ་ཞིག་འདོད་པ་དང་སྡུག་བསྔལ་ལས་བྲལ་ན་བསམ་པ་ཚང་མར་ཡོད། ཕྱོགས་མཚུངས་བདེ་བ་བསྒྲུབ་རྒྱུ་དང་སྡུག་བསྔལ་ལས་གྲོལ་རྒྱུའི་ཐོབ་ཐང་ཡང་ཚང་མར་གཅིག་མཚུངས་སུ་ཡོད། དེར་བརྟེན་ང་ཚོ་ཚང་མས་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་ཐོག་དུས་རྟག་ཏུ་བསམ་བློ་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
གལ་ཏེ་ང་ཚོ་ཕན་ཚུན་དོན་དངོས་སྤུན་མཆེད་ཀྱི་འདུ་ཤེས་འཛིན་ཐུབ་པ་ཡིན་ན་ང་དང་ཁྱོད། ང་ཚོ་དང་ཁོ་པ་ཚོ། ཞེས་ཉེ་དགའ་ཕྱོགས་ལྷུང་གི་བསམ་ཚུལ་དང་། མགོ་བདེ་དྲན་འཕྲུལ་བྱེད་རྒྱུ། དེ་བཞིན་ཕན་ཚུན་ཐུབ་ཚོད་དང་མགོ་སྐོར་བསླུ་བྲིད་བྱ་རྒྱུའི་རིགས་རང་བཞིན་གྱི་མེད་པ་ཆགས་ཐུབ། དེར་བརྟེན་འགྲོ་བ་མི་རིགས་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འདུས་ཤེས་དེར་གཞི་འཛིན་པ་ཡིན་ན་ང་ཚོ་ཚང་མ་གཅིག་པ་རེད།
དེ་རིང་འདིར་དུས་རབས་ ༢༠ ནང་གི་མི་སྣ་གྲགས་ཅན་སྐུ་ཞབས་བྷི་ཨར་ཨེམ་བྷེ་དི་ཀར་ Dr Ambedkar མཆོག་གི་དུས་དྲན་མཛད་སྒོར་བཅར་རྒྱུ་བྱུང་བ་ངོས་ལ་ཆེ་མཐོང་ཧ་ཅང་ཐོབ་པ་ཞིག་བྱུང་། དམ་པ་ཁོང་ཁྲིམས་རྩོད་པ་ཞིག་དང་དཔལ་འབྱོར་རིག་པའི་མཁས་དབང་། དེ་བཞིན་གསར་བརྗེ་བ་ཞིག་ཡིན་པའི་ངོས་ནས་མི་མང་ས་ཡ་མང་པོའི་ཕན་བདེ་བསྒྲུབས་ཐུབ་པ་བྱུང་ཡོད། ལྷག་པར་དམ་པ་ཁོང་གིས་རྒྱ་གར་ནང་དུ་ནང་ཆོས་སླར་གསོ་གནང་ཡོད། སྤྱིར་རྒྱ་གར་ནི་ནང་ཆོས་ཀྱི་འབྱུང་ཁུངས་ཆགས་ཡོད། ཐོག་མ་རྒྱ་གར་ནས་དར་ནས་རིམ་བཞིན་ཨེ་ཤི་ཡའི་ནང་དར་ཁྱབ་བྱུང་ཡོད། འོན་ཀྱང་ཐོག་མ་བྱུང་ས་རྒྱ་གར་ཆགས་ཡོད། འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་ཁག་དང་འདྲ་བར་ནང་ཆོས་ནས་གཙོ་བོ་བྱམས་པ་དང་བརྩེ་བ། འཚེ་བ་མེད་པའི་བསླབ་བྱ་སྟོན་བཞིན་ཡོད། བསླབ་བྱ་དེ་དག་གིས་དུས་རབས་རིམ་སོང་མི་གྲངས་ས་ཡ་མང་པོར་ཕན་ཐོགས་ཧ་ཅང་བསྒྲུབས་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་མ་ཟད། སྟོན་པ་བཅོམ་ལྡན་འདས་ཀྱིས་ཡུལ་ཝཱ་རཱ་ཎ་སིར་བཀའ་དང་པོ་བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན་སོགས་གསུངས་རྗེས་བྱ་རྒོད་ཕུང་པོ་རིར་བཀའ་བར་པ་ཚན་ཉིད་མེད་པའི་ཆོས་སྐོར་བསྐོར་ཚུལ། མཐར་ཡུལ་ཡངས་པ་ཅན་དུ་འཁོར་ལོ་མཐའ་མ་བསྐོར་ཚུལ་སོགས་བཀའ་སློབ་སྩལ་དོན།
སྟོན་པ་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་གསུང་སྐབས་དེང་དུས་ཚད་རྡུལ་ཕྲ་མོའི་དངོས་ཁམས་ཚན་རིག་པ་ quantum physics ཚོས་བཤད་པ་ལྟར་ཆོས་རྣམས་ཕན་ཚུན་གཅིག་ལ་གཅིག་རྟེན་དགོས་པ་ལས་ཆོས་རྣམ་རང་དབང་གིས་གྲུབ་པ་ཞིག་མེད་པའི་རྣམ་གཞག་དང་སྒོ་ཀུན་ནས་མཚུངས། སྟོན་པ་བཅོམ་ལྡན་འདས་རང་ཉིད་ཀྱིས་འདུལ་བྱ་རྣམས་ལ་རྒྱལ་བའི་དགོངས་པར་དཔྱད་པ་བྱེད་དགོས་པ་བཀའ་གནང་བ་རེད། ལྷག་པར་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་སྟོན་པ་བཅོམ་ལྡན་འདས་ཀྱིས་འདུལ་བྱའི་ཁམས་དང་མོས་པ་སོགས་ཅི་རིགས་ཡོད་པར་གཟིགས་ནས་ཆོས་གསུང་བཞིན་ཡོད།
ངོས་ཀྱིས་ཆོས་ལ་རྣམ་གཞག་མི་འདྲ་བ་གསུམ་འབྱེད་བཞིན་ཡོད། བྱམས་བརྩེ་སོགས་གོོང་མཐོར་གཏོང་རྒྱུའི་བསླབ་བྱ་དང་། འཇིག་རྟེན་བཀོད་པ་པོ་ཡོད་མེད་སོགས་ལྟ་གྲུབ་ཀྱི་རྣམ་གཞག དེ་ནས་ཆོས་ལུགས་ཀྱི་ལམ་སྲོལ་ནང་སྤྱི་ཚོགས་ཀྱི་ལམ་ལུགས་ངན་པ་རྒྱུན་འབྱམས་བྱུང་བ་ཁག་གཅིག་ཡོད་པ་དེ་དག་ད་ཆ་དུས་ཚོད་ཡོལ་ཟིན་སྟབས་དོར་དགོས། དེང་སྐབས་འཛམ་གླིང་གཙོ་ཆེ་མང་གཙོའི་མང་གཙོའི་ལུགས་ཐོག་བསྐྱོད་བཞིན་པའི་སྐབས་འདིར་རིགས་རུས་དང་ཕོ་མོའི་དབྱེ་འབྱེད་ཀྱི་ལམ་སྲོལ་དེ་དུས་ཚོད་ཡོལ་ཟིན་པ་རེད། འོན་ཀྱང་མང་ཚོགས་ཁྲོད་བསམ་བློ་དེར་འགྱུར་བ་གཏོང་རྒྱུ་གཙོ་ཆེ་ཤོས་ཤེས་ཡོན་ཐོག་ནས་ཡོང་ཐུབ། རིགས་དམན་པར་བརྩི་བཞིན་པའི་ཌ་ལིཏ་དང་གཞན་རྣམས་ཀྱིས་དཀའ་ལས་བརྒྱབ་ནས་རང་ཉིད་ལ་གདེང་སྤོབས་བསླེབ་ཐུབ་པ་ཞིག་བཟོ་དགོས། ཤེས་ཡོན་གྱིས་འདྲ་མཉམ་སྐྲུན་ཐུབ། ཅེས་བཀའ་སློབ་སྩལ་རྗེས་ཉིན་གུང་ལྗགས་སྨིན་རྒྱས་བཞེས་མཛད།
དེ་རྗེས་༸གོང་ས་མཆོག་བཞུགས་གནས་གསོལ་མགྲོན་ཁང་དུ་ཕྱིར་༸ཞབས་སོར་འཁོད་མཚམས་སྦེང་ལོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱ་གར་གྱི་དུས་བབ། Times of India ཅེས་པའི་གསར་འགྱུར་ཡན་ལག་ལས་ཁུངས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ལྕམ་སྐུ་སི་ཏ་ལཀཤི་མི་ Sita Lakshmi ལགས་ཀྱི་བཅར་འདྲི་དང་ལེན་མཛད། སྐབས་དེར་རྩོམ་སྒྲིག་པས་༸གོང་ས་མཆོག་དུས་རྟག་ཏུ་ཐུགས་ཧ་ཅང་སྤྲོ་གནང་ལྡན་པ་དེའི་རྒྱུ་མཚན་གང་ཡིན་སྐོར་གྱི་དྲི་བར་༸གོང་ས་མཆོག་གིས། བློའི་རྣམ་གཞག་དང་བྱེད་ལས་ཙམ་མ་ཟད། ཉོན་མོངས་ཀྱི་བློ་དེ་དག་ཡག་པོ་བྱས་ནས་ཤེས་པ་ཡིན་ན་ཉོན་མོངས་ཀྱི་བློ་སྐྱེ་མ་ཐག་དེར་གཉེན་པོ་བསྟན་ཐུབ་རྒྱུར་ཕན་ཐོགས་ཡོད། བྱམས་བརྩེའི་བློས་སེམས་ནང་སྙིང་སྟོབས་སྤེལ་བཞིན་ཡོད་པ་མ་ཟད། ཞེད་སྣང་ཉུང་དུ་གཏོང་བཞིན་ཡོད། གནས་སྟངས་དེ་འདྲའི་འོག་ནས་རང་གི་རྣམ་དཔྱོད་ཚུལ་དང་མཐུན་པའི་ཐོག་ནས་བཀོལ་སྤྱོད་བྱེད་ཐུབ་རྒྱུ་རེད། དེར་བརྟེན་བསམ་བློ་ཞི་བདེ་བག་ཕེབས་ངང་གནས་དགོས་པ་ཧ་ཅང་གནད་འགག་ཆེ། འོན་ཀྱང་ཞི་བདེ་བག་ཕེབས་བརྗོད་སྐབས་བྱིང་བའི་བློ་ལ་བརྗོད་ཀྱི་མེད།
བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་རྗེས་ང་ཚོ་རིམ་བཞིན་ཞི་བདེ་དང་བྱམས་བརྩེ་ལྡན་པ་ཞིག་ཏུ་གྱུར་ཡོད། དེ་ནས་ངོས་ཀྱི་གསང་བ་གཞན་ཞིག་ནི་ངོས་རང་ཉིན་ལྟར་ཆུ་ཚོད་ ༩ གཉིད་ཉལ་གྱི་ཡོད་ཕྱེད་ཡོལ་ཆུ་ཚོད་ ༦ ཙམ་ལ་མར་ཉལ་ནས་སྔ་དྲོ་ཆུ་ཚོད་ ༣ ཙམ་ལ་ཡར་ལངས་ནས་དཔྱད་སྒོམ་རྒྱག་གི་ཡོད། ཅེས་བཀའ་ལན་སྩལ།
དེ་རྗེས་རྩོམ་སྒྲིག་པས་༸གོང་ས་མཆོག་རྒྱ་གར་དུ་བཙན་བྱོལ་ལ་༸ཞབས་སོར་འཁོད་ནས་ད་བར་མི་ལོ་ ༥༨ ཙམ་སོང་བཞིན་ཡོད་པ་དེའི་རིང་ཐུགས་མྱོང་ཚོར་ཤུགས་ཆེ་ཤོས་གང་བྱུང་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་མཉམ་སྡོད་བྱ་རྒྱུ་འདི་ངོ་མཚར་ལྡན་པ་ཞིག་མཐོང་བྱུང་། སྤྱིར་ངོས་ཀྱིས་རྒྱ་གར་གནའ་རབས་སྲོལ་རྒྱུན་ནས་དར་བའི་སྙིང་རྗེ་དང་འཚེ་བ་མེད་པའི་ལྟ་གྲུབ་ལ་དགའ་མོས་ཧ་ཅང་ཡོད། ཅེས་བཀའ་ལན་སྩལ། རྩོམ་སྒྲིག་པས་རང་དབང་གི་གོ་དོན་གང་ཡིན་གྱི་དྲི་བར་༸གོང་ས་མཆོག་གིས། གལ་ཏེ་ང་ཚོས་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེའི་རང་བཞིན་ལྡན་པ་ཞིག་ཡིན་པར་ངོས་འཛིན་བྱས་པ་ཡིན་ན། རང་དབང་འདི་མཐུན་པའི་རྐྱེན་དུ་འགྲོ་ངེས། འོན་ཀྱང་དེ་ལས་ལྡོག་སྟེ་གལ་ཏེ་མིའི་ལྷན་སྐྱེས་རང་བཞིན་དེ་ཁོང་ཁྲོའི་རང་བཞིན་ཅན་ཡིན་ན། རང་དབང་འདི་ཉེན་ཁ་ཞིག་ཆགས་རྒྱུ་རེད། ང་ཚོས་རང་དབང་དང་རྣམ་དཔྱོད་གཉིས་ཀྱི་ཐོག་ནས་མིའི་སྤྱི་ཚོགས་ནང་ཡར་རྒྱས་ཀྱི་གོམ་སྟབས་སྤོ་ཐུབ་རྒྱུ་རེད། ཅེས་བཀའ་ལན་སྩལ།
རྩོམ་སྒྲིག་པས་འགྲོ་བ་མི་སྡེའི་སྤྱི་ཚོགས་རྩ་མེད་གཏོང་རྒྱུའི་ཉེན་ཁ་ཆེ་ཤོས་གང་ཡིན་གྱི་དྲི་བར་བཀའ་ལན་སྩལ་དོན། དེང་དུས་ཤེས་ཡོན་ལམ་ལུགས་ནང་ཕྱི་དངོས་པོའི་མཐུན་རྐྱེན་ཡར་རྒྱས་གཏོང་རྒྱུ་ཁོ་ནར་གཙོ་འདོན་བྱེད་བཞིན་པ་འདིས་ཞེ་སྡང་ཕྲག་དོག་དང་འགྲན་སེམས་སོགས་ཇེ་ཆེར་སོང་ནས་མིའི་རྣམ་དཔྱོད་དེ་དག་རང་གཞན་གཉིས་ཕུང་གི་རྒྱུ་རུ་འགྲོ་རྒྱུ་ཡིན་སྐོར་དང་། མིག་རྒྱང་ཐུང་ཞིང་འགྲན་རྩོད་ཧ་ཅང་རྣོ་ངར་ཆེ་བ་དེས་འཛམ་གླིང་ནང་ཞི་བདེ་བག་ཕེབས་མེད་པ་བཟོ་བཞིན་ཡོད། ཅེས་བཀའ་ལན་སྩལ། མཐར་རྩོམ་སྒྲིག་པས་༸གོང་ས་མཆོག་ལ་ཉིན་ཞག་ཕྲུག་གཅིག་གི་མཛད་འཆར་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། མི་མང་པོ་ཞིག་དང་ཐུག་འཕྲད་ཀྱིས་བསམ་ཚུལ་འདྲ་མིན་བརྗེ་ལེན་བྱེད་ཡོད། ཕན་ཐོགས་ཧ་ཅང་འདུག གཞན་གླུ་གཞས་ཉན་རྒྱུ་དང་བརྙན་འཕྲིན་བལྟ་རྒྱུར་དོ་སྣང་དེ་ཙམ་མེད། དེ་ལས་གནའ་བོའི་རྒྱ་གར་སྲོལ་རྒྱུན་ནས་གསུང་པའི་སེམས་ཁམས་རིག་པའི་རྣམ་གཞག་དང་བློའི་འགྲོ་སྟངས་སྐོར་ལ་དོ་སྣང་ཧ་ཅང་ཡོད། ཅེས་བཀའ་ལན་སྩལ། །