༢༠༡༧ ཟླ་ ༥ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༢ ཉིན་ཨིན་ཇིའི་གྲོང་ཁྱེར་མེན་ཆེ་སི་ཊར་ Manchester གླུ་གར་གྱི་འདུ་འཛོམས་ཆེན་མོར་རོལ་བཞིན་པའི་གཞོན་སྐྱེས་སྟོང་ཕྲག་མང་པོའི་དབུས་སུ་གློ་བུར་དུ་འབར་རྫས་གཏོར་རྒོལ་བྱུང་རྐྱེན་མི་གྲངས་ ༢༢ རྐྱེན་ལམ་དུ་བཏང་བ་མ་ཟད་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེ་བཏང་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཡུལ་དེའི་སྲིད་བློན་ལྕམ་སྐུ་ཐེ་རེ་ས་མེ་ Theresa May མཆོག་གི་མཚན་ཐོག་ལ་ཐུགས་གསོའི་འཕྲིན་ཡིག་གཅིག་ཕུལ་བའི་ནང་འཁོད་དོན།
ངས་ཧ་ཅང་བློ་ཕམ་ཆེན་པོའི་ཐོག་ནས་ཨིན་ཇིའི་མི་མང་རྣམས་དང་སྲིད་བློན་ལྕམ་སྐུ་ཐེ་རེ་ས་མེ་མཆོག་བཅས་ལ་ཐུགས་གསོ་དང་སྦྲགས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། བྱ་སྤྱོད་ཐ་ཤལ་དེའི་དམིགས་ཡུལ་གཙོ་བོ་ནི་ན་གཞོན་ཉེས་མེད་སྤྲོ་སྐྱིད་ལ་རོལ་བཞིན་པ་གང་མང་ལ་གཏོར་རྒོལ་གཏོང་རྒྱུ་ཡིན་འདུག་པར་བརྟེན། དེར་བསམ་བློ་གཏོང་སྐབས་ཧ་ཅང་སྐྱུག་བྲོ་དགོས་པ་ཞིག་འདུག དེར་བརྟེན་གོད་ཆག་དེ་འདྲ་ཞིག་ཕོག་པ་ནི་ངའི་བློ་ཡུལ་ལས་འདས་ཤིང་ཡིད་ཆེས་ཀྱང་བྱ་དཀའ་བ་ཞིག་ཡིན་སྟབས་གོད་ཆག་དེའི་འོག་ཚེ་སྲོག་ཤོར་བ་རྣམས་ཀྱི་རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་ངས་སྙིང་ཐག་པ་ནས་སེམས་གསོ་ཞུ་རྒྱུ་དང་། རྨས་སྐྱོན་ཕོག་པ་རྣམས་ལ་མགྱོགས་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
སེམས་སྡུག་ཧ་ཅང་ཆེན་པོའི་འོག་མྱ་ངན་བྱེད་བཞིན་པའི་དུས་སྐབས་འདིར་བོད་མིའི་སྒྲིག་འཛུགས་དང་གཞིས་བྱེས་བོད་མི་ཡོངས་རྫོགས་ཨིན་ཇིའི་གཞུང་མང་གཉིས་ཀྱི་རྒྱབ་ཏུ་ལངས་ནས་གདུང་སེམས་མཉམ་སྐྱེ་ཞུ་བཞིན་ཡོད། འཇིགས་སུ་རུང་བའི་ལས་ངན་འདི་ལྟ་བུ་སྤེལ་མཁན་གྱི་བྱེད་གཏེ་སུ་ཡིན་རུང་དེར་དྲང་བདེན་གྱི་ཁྲིམས་གཅོད་གཏོང་ཐུབ་རྒྱུ་ཡིན་པ་ངར་ཡིད་ཆེས་གཙང་མ་ཡོད། ཅེས་འཁོད་འདུག་པ་བཅས།།