༢༠༡༧ ཟླ་ ༥ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །འདི་གར་ཨ་རིའི་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དེང་སྐབས་ཨ་རི་ཁུལ་དུ་གཞུང་དོན་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཁུལ་དུ་མི་སྣ་ཐུག་འཕྲད་ཀྱི་ལས་རིམ་ཁག་ལེགས་གྲུབ་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༢ ཉིན་གྲོང་ཁྱེར་ནིའུ་ཡོག་ནས་རྒྱལ་ས་ཝ་ཤིང་ཊོན་དུ་མེ་འཁོར་བརྒྱུད་དགོང་དྲོའི་ཆུ་ཚོད་ ༧ ཡོལ་ཙམ་ལ་ཕེབས་འབྱོར་བྱུང་། སྐབས་དེར་བྱང་ཨ་རི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་དང་། རྒྱལ་སའི་མངའ་ཁུལ་གྱི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།
ཕྱི་ཚེས་ ༢༣ ནས་བཟུང་ཉིན་གྲངས་གསུམ་རིང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་དང་། གཞུང་གི་གནད་ཡོད་མི་སྣ་མཇལ་འཕྲད་དང་། སྲོལ་རྒྱུན་ཐེབས་རྩ་ཁང་དུ་བོད་དོན་སྐོར་གསུང་བཤད་གནང་རྒྱུ་མ་ཟད། དེ་ཉིན་གྱི་ཕྱེད་ཡོལ་དུ་རྒྱལ་སྤྱིའི་བོད་དོན་འགུལ་ཁང་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཆེ་བསྟོད་ཀྱི་སྣེ་ལེན་གསོལ་སྟོན་ཐོག་མཉམ་ཞུགས་གནང་རྒྱུ་དང་། ཕྱི་ཚེས་ ༢༤ ཉིན་རྒྱལ་སའི་མངའ་ཁུལ་གྱི་རང་རིགས་སེར་སྐྱ་མང་ཚོགས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ཝ་ཤོང་ཊོན་དུ་གཞུང་དོན་ཆེད་ཕེབས་གནང་བར་དགའ་བསུའི་སྣེ་ལེན་གྱི་འདུ་འཛོམས་ཤིག་ཀྱང་གོ་སྒྲིག་གནང་རྒྱུ་ཡིན་པ་བཅས།།