༢༠༡༧ ཟླ་ ༥ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩིའི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༡ དང་ ༡༢ དེ་བཞིན་ཕྱི་ཚེས་ ༡༥ དང་ ༡༦ བཅས་ཉིན་གྲངས་བཞིའི་རིང་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་ཨ་ཤཱ་ར་མེཤ་ Ms. Aasha Ramesh ལགས་དང་། སུ་ནི་ལཱ་སིངྒ་ Ms Sunila Singh ལགས་རྣམ་གཉིས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་འཆར་འགོད་པ་རྣམས་ལ་སྐྱེས་ཕོ་མོའི་དབར་ཕུང་པོའི་གྲུབ་ཆའི་སྟེང་ནས་མི་འདྲ་བའི་ཁྱད་ཆོས་དེ་དག་ལ་དོ་སྣང་དང་བསམ་ཤེས་སོགས་ཡོང་སླད་ཟབ་སྦྱོང་གོ་སྒྲིག་གནང་བ་ཞིག་ཡིན་འདུག
དེར་བརྟེན་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། ཕོ་མོའི་དབར་མི་འདྲ་བའི་ཁྱད་ཆོས་གང་ཡོད་པ་རྣམས་ཤེས་པའི་ཐོག་ནས་དེར་བརྩི་མེད་བཏང་བའམ་སྣང་ཆུང་བྱས་པ་དེ་འདྲ་མ་ཡིན་པར་ཁྱད་པར་དེ་དག་ལ་ཚོར་བ་སྐྱེན་པོ་བྱེད་དགོས་པ་དང་། འདུ་ཤེས་དེར་གཞི་བཅོལ་ནས་བོད་མིའི་སྤྱི་ཚོགས་ཁྲོད་ལས་གཞི་འཆར་བཀོད་དང་ལག་བསྟར་སོགས་གནང་དགོས་པའི་ཆེད་ཡིན།
ཟབ་སྦྱོང་གི་བརྗོད་གཞི་གཙོ་བོ་ནི། སྤྱི་ཚོགས་ནང་ཕོ་མོའི་འཚར་ལོངས་བྱུང་བའི་བརྒྱུད་རིམ། ཕོ་མོའི་གནས་སྟངས་ལ་དབྱུག་པ་ལེབ་བརྡུང་གི་ལྟ་ཚུལ་འཛིན་མི་རུང་བ། ལས་ཀ་བྱེད་སའི་ཁོར་ཡུག་འདྲ་མིན་ནང་ཕོ་མོའི་གནས་སྟངས་མི་འདྲ་བའི་ཐོག་ལ་བསམ་ཤེས་ཇི་ལྟར་དགོས་པ། ཕོ་མོ་དང་དབང་ཤུགས་ཀྱི་འབྲེལ་བ། བུད་མེད་ཚོའི་འཕྲོད་བསྟེན་གྱི་ཐོབ་ཐང་། བུད་མེད་ལ་བཙན་དབང་དང་རྩུབ་སྤྱོད་རིགས་འགོག་ཐབས་སོགས་ཡིན་འདུག ཟབ་སྦྱོང་ལ་མཐུན་འགྱུར་སྦྱོར་མཁན་ཨ་རིའི་རོགས་ཚོགས་ཡིན་འདུག་པ་བཅས།།